ཀྲོང་གསར་ ནུབ་སྦྱིས་- སྟང་སི་སྦྱིས།
དངོས་གྲུབ་བཟང་པོ།
སྐྱེས་ལོ་༣༩།
ཤེས་ཚད། སྤྱིར་བཏང་ཆོས་ཚན་ནང་ མཐོ་རིམ་ཤེས་ཡོན།
ཉམས་མྱོང་། སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ལོ་༡༠ ཕྱག་ཞུ་ཡོདཔ།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
སྤྲོ་འདོད་ཅན། ལཱ་རྩ་འགེངས་འབད་མི། ཁ་ཤུགས་ཡོད་མི།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
ད་ལྟོ་ཡོད་མི་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་དང་ རྡོ་ཞིབ་ཐོག་ལས་ ལོ་བསྟར༌བཞིན་དུ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགསཔ་བཟོ་ནི།
ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུའི་བྱ་རིམ་ཚུ་ནང་ ཚོགས་རྒྱན་བཙུགས་མི་ག་ར་ རིག་པ་ཅན་གྱུར་མི་ལུ་ སེམས་དགའཝ་མས། ཨིན་རུང་ སྲིད་དོན་པ་ཚུ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ བཙག་འཐུའི་ཀུན་སྤྱོད་རྣམ་གཞག་ལས་ འགལ་མི་དང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ ཕྱི་འབྲེལ་གྱི་སྲིད་བྱུས་ནང་ བར་ཞུགས་འབད་མི་ལུ་ སེམས་མི་དགའ་བས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
རྒྱལ་ཁབ་ཀྱི་ བུ་ལོན་གྱི་དཀའ་ངལ།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ལུ་ ལོ་༡༠ གྱི་རིང་ལུ་ སྤྱི་ཚོགས་ནང་ ཕྱག་ཞུ་ཡོད་པའི་ཉམས་མྱོང་། འབྲུག་ཕུན་སུམ་ཚོགས་པའི་ནང་ ཁྱད་རིག་ཅན་གྱི་ གཙོ་འཛིན་པདྨ་རྒྱ་མཚོ་ཡོད་པའི་ཁར་ ཚོགས་པའི་ཁས་བླངས་ཚུ་ འཕྲལ་གྱི་དགོས་མཁོ་འགྲུབ་ཚུགས་ནི་དང་ ཕུགས་ལུ་ཕན་པའི་ ཁེ་ཕན་ཡོད་མི་ལུ་བརྟེན།
ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ངེ་གི་ འདེམས་ཁོངས་ནང་ཡོད་མི་ འཁོར་ལམ་ག་ར་ རྩི་ནག་གཏང་ནི་དང་ རྡོ་སྒྲིག་ཐོག་ལས་ གནམ་བྱཱར་དགུན་མེད་པར་ སྣུམ་འཁོར་ཐལ་ཚུགསཔ་བཟོ་ནི།
མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
དམིགས་བསལ་དུ་ བཙག་འཐུའི་དུས་ཚོད་ནང་ མི་སྡེ་བརྡ་བརྒྱུད་ལུ་ ཕན་གནོད་༢ ཆ་ར་ འདུག།