ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

གསར་སྤང་ དགེ་ལེགས་ཕུག།

པདྨ་བཀྲ་ཤིས།
སྐྱེས་ལོ་༣༡།
ཤེས་ཚད། ཁྲིམས་ཀྱི་ནང་ མཐོ་རིམ་ཤེས་ཡོན་དང་ རྒྱལ་ཡོངས་ཁྲིམས་དོན་ནང་ པི་ཇི་ཌིབ་ལོ་མ།
ཉམས་མྱོང་། ཁྲིམས་རྩོདཔ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ང་ ཕམ་ཉམ་ཆུང་ལས་འོངམ་ཨིན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུམ་བཟུང་ནི?
དགེ་ལེགས་ཕུག་ནང་འཁོད་གནམ་ཐང་དེ་ རྒྱུན་སྐྱོང་འཐབ་དགོཔ་མ་ཚད་ ལོ་༥ འི་ནང་ རྒྱལ་སྤྱི་གནམ་ཐང་སྦེ་ གོང་འཕེལ་གཏང་ནི་གི་ འོས་འབབ་ཡོད། དགེ་ལེགས་ཕུག་ གོང་འཕེལ་གཏང་ནིའི་དོན་ལུ་ མའོ་ཁོ་ལ་གཙང་ཆུ་གུ་ལས་ ཟམ་རྐྱབ་ནི་རྐྱངམ་གཅིག་གིས་མི་བཏུག། རྫོང་ཁག་ནང་འཁོད་དང་ རྒེད་འོག་ནང་འཁོད་ཀྱི་ འཁོར་ལམ་མཐུད་སྦྲེལ་ཚུ་ལུ་ གཙོ་བོར་བཏོན་དགོ། དགེ་ལེགས་ཕུག་ལུ་ ཕྱི་རྒྱལ་གྱི་ ལས་མི་ཚུ་གི་ ལམ་ལུགས་ཚུ་ཡང་ ག་དེ་སྦེ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནི་ཨིན་ན་བལྟ་དགོཔ་འདུག། རྒྱ་གར་གྱི་ ལྟ་བཤལཔ་ཚུ་ དགེ་ལེགས་ཕུག་བརྒྱུད་དེ་ གཞལམ་སྒང་དང་ རྩི་རང་ལུ་འགྱོ་ཚུགསཔ་ བཟོ་ནི་དང་ རྒྱ་གར་གྱི་ སྣུམ་འཁོར་ཚུ་ དགེ་ལེགས་ཕུག་ལུ་ བཞག་སའི་ས་གོ་ཅིག་ བཟོ་དགོཔ་ཡོད་མི་དེ་ཡང་ ལྟ་བཤལཔ་ཚུ་གིས་ དགེ་ལེགས་ཕུག་ལས་ འབྲུག་གི་སྣུམ་འཁོར་ཚུ་ གླ་ཁར་ལེན་ཐོག་ བདའ་འགྱོ་ཐབས་ལུ་ཨིན།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུ་ལུ་བརྟེན་ ང་ར་སྐྱེས་ས་སྦོམ་སར་ མི་སྡེ་ལུ་ ཕྱག་ཞུ་ནིའི་དོན་ལས་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་གི་གོ་སྐབས་ ང་ལུ་ ཐོབ་མི་དེ་དགའ་བས། སྲིད་ཚོགས་ལུ་བརྟེན་ མི་སྡེའི་ནང་ དབྱེ་ཁག་བཟོ་ནི་གི་ ཉེན་ཁ་ཡོད་མི་ཚུ་ལུ་ལྟཝ་ད་ མི་དགའ་བས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
འོས་འབབ་མེད་པའི་ ཁས་བླངས་གསལ་བསྒྲགས་འབད་མི་དང་ ལག་བཀྲམ་འབད་མི་ཚུ་ གདོང་ལེན་སྦོམ་ཤོས་སྦེ་མཐོངམ་མས།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ར་ སྐྱེས་ས་སྦོམ་ས་ དེ་ལས་ ཤེས་ཡོན་སྦྱང་སར་ དགེ་ལེགས་ཕུག་ལུ་ཨིནམ་ལས་ ང་བཅས་རའི་ འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ གདོང་ལེན་བྱུང་མི་ཚུ་ ང་གིས་ ལེགས་ཤོམ་སྦེ་ར་ཤེས། ང་ར་ ཚོགས་རྒྱན་བཙུགས་མི་ཚུ་བཟུམ་སྦེ་ར་ ཕམ་ཉམ་ཆུང་ནང་ལས་ འོང་མི་ཅིག་ཨིན། ངེ་གི་ སྲིད་ཚོགས་དང་ གཙོ་འཛིན་དེ་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

ཁྱོད་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ན་གཞོན་ཚུ་གི་དོན་ལུ་ བཱསི་ཀེཊ་བཱོལ་རྩེད་ཁང་ཅིག་རྐྱབ་ནི་དང་ མའོ་ཁོ་ལ་གཙང་ཆུའི་མཐའམ་བདའ་སྟེ་ ཆུ་རུད་ཀྱི་ དཀའ་ངལ་སེལ་ནི་ དགེ་ལེགས་ཕུག་གི་ ཚོང་པའི་འཐུས་མི་ཚུ་དང་ཕྱད་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ང་བཅས་ལུ་ བསམ་བཤད་འབད་ནིའི་ ཐོབ་དབང་ཡོད་རུང་ ང་བཅས་ཀྱིས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་འབད་དགོ། མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་དེ་ བདེན་མི་བདེན་ ང་བཅས་ཀྱིས་ དབྱེ་བ་དཔྱད་དགོ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *