ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

བསམ་རྩེ་ བཀྲིས་ཆོས་གླིང།

དིལ་མ་ཡ་རའི།
སྐྱེས་ལོ་༤༥ །
ཤེས་ཚད་ མི་སྡེའི་སྐོར་ལས་མཐོ་རིམ་དང་ གོང་འཕེལ་འཛིན་སྐྱོང་ནང་ མཐོ་རིམ་གོང་མ།
ཉམས་མྱོང་ མི་སྡེ་དང་འབྲེལ་བའི་རང་བཞིན་ཐོན་སྐྱེད་འཛིན་སྐྱོང་དང་ མི་སྡེ་གོང་འཕེལ་ སྲིད་བྱུས་དང་ལས་རིམ་དབྱེ་དཔྱད།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
ལཱ་ཤུགས་བཏོན་འབད་མི་དང་ འབད་རྩོན་ཅན་ དེ་ལས་ ལྷོད་སུ་འབད་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
སིབ་སུ་ལུ་ སྤྱིར་བཏང་སྨན་ཁང་རྐྱབ་སྟེ་ གསོ་བའི་མཐུན་རྐྱེན་བསྐྱར་གསོ་འབད་ནི་ དེ་ལས་ གཞི་རྟེན་གསོ་བའི་སྨན་ཁང་ག་རའི་ནང་ གསོ་བའི་མཐུན་རྐྱེན་བསྐྱར་གསོ་འབད་ནི་ ད་རེས་ཀྱི་སོ་ནམ་ཞིང་ལམ་གྱི་གནས་སྟངས་ཚུ་ སྐྱོ་དྲགས་ཡོད་མི་ཚུ་ ལེགས་ཤོམ་བཟོ་ནི་ ཤེས་རིག་ནང་སྤྲོ་བ་ཡོད་རུང་ དེ་འཕྲོ་ལས་ རྩེད་རིག་དང་གཟུགས་སྟོབས་ཀྱི་མཐུན་རྟེན་ཚུ་ གཞི་བཙུགས་འབད་དགོཔ་ཡོད། འབུ་ནི་མེད་པའི་ནད་གཞིའི་སྐོར་ལས་ཡང་ བལྟ་དགོཔ་ཡོད།

ད་རེས་ཀྱི་བཙག་འཐུ་ནང་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
དགའ་མི་དེ་ ཉམས་མྱོང་སྦོམ་ཐོབ་པའི་ཁར་ མི་ཚུ་དང་གཅིག་ཁར་ མཐུན་འབྲེལ་འབད་ཚུགས་ཅི། ང་གིས་ གཡུས་ཁར་འགྱོ་སྡོད་ནིའི་ དུས་ཚོད་དེ་ཅིག་མ་འཐོབ་མི་དེ་ ད་རེས་ འགྱོ་ནིའི་གོ་སྐབས་འཐོབ་སྟེ་ མི་ཚུ་དང་གཅིག་ཁར་ མཐུན་ལམ་བཟོ་ཚུགས་ཡོད། ཨིན་རུང་ མི་རེ་གཉིས་ཀྱིས་ ང་བཅས་ཀྱི་ཁས་བླངས་ཚུ་ བརྙས་བཅོས་འབད་དེ་ འབད་མ་ཚུགས་པའི་ཁས་བླངས་བཟུམ་སྦེ་ སླབ་མི་འདུག།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ཕྱི་ཁའི་བུ་ལོན་ཨིན་རུང་ དེ་ཚུ་ འབད་མ་ཚུགསཔ་ག་ནི་ཡང་མེད་ བུ་ལོན་འཛིན་སྐྱོང་དེ་ འགན་ཁྲིའི་ཐོག་ལས་ འཛིན་སྐྱོང་འབད་བ་ཅིན་ འབད་ཚུགས།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ར་ ལས་འགུལ་གོང་འཕེལ་གྱི་མཁས་མཆོག་ཨིནམ་ལས་ ང་གིས་ ལས་འགུལ་ཚུ་ལྟ་རྟོག་དང་དབྱེ་ཞིབ་འབད་ཚུགས། ང་གིས་ ལས་འགུལ་ཚུ་ འབད་ཚུགས་མི་ཚུ་བཟོ་ཚུགས་པའི་ཁར་ འབད་མ་ཚུགས་མི་ཚུ་མི་བཟོ་ ང་ར་ འདེམས་ཁོངས་ནང་ལས་ ཨམ་སྲུ་དང་པ་ དོ་འགྲན་འབད་མི་ཨིནམ་ལས་ མི་ཚུ་གིས་ ང་གིས་ཁྱད་པར་བཟོ་ཚུགས་མི་ཚུ་ མཐོང་ཚུགས།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ང་ར་ གོང་འཕེལ་གྱི་ལཱ་འབད་མི་ཅིག་ཨིནམ་ལས་ གཡུས་སྒོ་བཤལ་ཏེ་ མི་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ཧ་གོ་སྟེ་ མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་ལས་སྣ་ཚུ་ ག་དེ་སྦེ་ར་ འབད་ཚུགས་ནི་ཨིན་ནའི་འོས་འབབ་ཚུ་བལྟ་སྟེ་ གཙོ་རིམ་བཟུང་ནི།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
དེ་གིས་ ཕན་ཐོགས་སྦོམ་འདུག་ མི་སྡེ་བརྡ་བརྒྱུད་ནང་ མ་རུང་པའི་དོན་ཚན་ཚུ་འབྲི་རུང་ དེ་གིས་ ང་ལུ་ཕན་ཐོགས་པས།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *