ཁྱེད་རའི་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་ཤེས་དགོཔ།

བཀྲིས་སྒང་།

ཨྱོན་རྡོ་རྗེ།
སྐྱེས་ལོ་ ༢༨
གཡུས་ སྤུང་ཤིང་།
རྒེད་འོག་ ཁྲིམས་ཤིང་།
ཤེས་ཚད་ ཞི་བའི་བཟོ་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? བཀྲིས་སྒང་གི་ མི་ཚུ་གིས་ ང་ལུ་ ཚོགས་རྒྱན་བཙུགས་དགོ་མི་དེ་ ང་ར་ ལོ་ན་གཞོནམ་དང་ ནུས་སྟོབས་ཅན་ རྒྱལ་ཁབ་ལུ་ ཤ་ཞེན་བསྐྱེད་མི་དང་ ཐ་དམ་ཚིག་ཡོད་མི་ དེ་ལས་ འགན་ཁག་ཅན་ལ་སོགས་པ་འབད་མི་ལུ་བརྟེན་ཨིནམ་ད་ གཞུང་གིས་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་གི་ མི་ཚེ་ལྷག་ལུས་ཀྱི་དོན་ལུ་ བཟའ་འཐུང་གི་ རྒྱབ་སྐྱོར་འབད་ནིའི་ སྲིད་བྱུས་བཟོ་ནི་དང་ ང་གིས་ རྩ་ཁྲིམས་ཆེན་མོ་ལུ་ བརྩི་བཀུར་འབད་ཐོག་ལས་ རྒྱལ་ཁབ་ནང་ ལྷང་སྟེ་ཟ་མི་ཚུ་གི་ དཀའ་ངལ་བསལ་ནི་དང་ དབང་པོ་སྐྱོན་ཅན་གྱི་ མི་ཚུ་ལུ་ རྒྱབ་སྐྱོར་འབད་ཚུགས་པའི་ ཁྲིམས་ཚུ་བཟོ་ནི་ ལངམ་སྦེ་ཐོན་སྐྱེད་འབད་ནི་དང་ ནང་འདྲེན་མར་ཕབ་འབད་ནིའི་དོན་ལུ་ སོ་ནམ་གྱི་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ རྩ་ཁྲིམས་ཆེན་མོའི་ནང་ བཀོད་དོ་བཟུམ་སྦེ་ རིན་མེད་སྟོང་པའི་ ཤེས་རིག་དང་ གསོ་བའི་ཞབས་ཏོག་ཚུ་ལུ་ བརྩི་བཀུར་འབད་ནི་ དེ་ལས་ སྣུམ་འཁོར་ཊག་གི་ དེད་གཡོགཔ་ཚུ་གིས་ ཉེས་བྱ་བཀལ་ནི་ལུ་ འཚེར་སྣང་མེད་པར་ སྣུམ་འཁོར་གསརཔ་ཐོན་མིའི་ ཚད་གཞི་དང་བསྟུན་ དོ་འབག་ཆོག་པའི་ ཁྲིམས་ཚུ་བསྐྱར་ཞིབ་འབད་ནི་ཨིན།

ཨྱོན་ཕུན་ཚོགས།
སྐྱེས་ལོ་ ༢༦
གཡུས་ བཀྲ་ཤང་།
རྒེད་འོག་ བར་མཚམས།
ཤེས་ཚད་ དཔལ་འབྱོར་དང་ མི་རློབས་ཞིབ་འཚོལ་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ བ་ནོར་གསོ་སྐྱོང་གི་ སོ་ནམ་པ་དང་ ཚོང་འབྲེལ་པ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? བཀྲིས་སྒང་གི་ མི་ཚུ་གིས་ ང་ལུ་ ཚོགས་རྒྱན་བཙུགས་དགོ་མི་དེ་ཡང་ ང་ར་ ལོ་ན་གཞོནམ་འབད་རུང་ ང་གིས་ བསྒྱུར་བཅོས་འབད་ནིའི་ ཁས་ལེན་འབད་མི་ལུ་བརྟེན་ ཨིན་མི་གཞོནམ་ཚུ་ གསར་སྐྲུན་དང་ གསར་གཏོད་ལུ་ སེམས་ཤུགས་བསྐྱེད་མི་ཅིག་ཨིནམ་ལས་ ང་གིས་ བསམ་འཆར་བཀོད་མ་ཚུགས་མི་ཚུ་གི་ མགྲིན་ཚབ་འབད་ནི་དང་ མ་འོངས་རྒྱལ་ཁབ་སྒྲིང་སྒྲི་བཟོ་ནི་ལུ་ ཕྱག་ཞུ་ནི་ཨིནམ་ད་ ང་གིས་ ན་གཞོན་ཚུ་དང་འབྲེལ་བའི་ གནད་དོན་ཚུ་ལུ་ དམིགས་གཏད་བསྐྱེད་ནི་དང་ ང་ར་ རྒྱལ་ཁབ་སྒྲིང་སྒྲི་བཟོ་ནིའི་ནང་ གལ་ཆེ་བའི་ ལཱ་འགན་འབག་མི་ ན་གཞོན་ཚུ་དང་གཅིག་ཁར་ འབྲེལ་མཐུད་ཡོད་ཟེར་མནོཝ་མས། ན་གཞོན་ཚུ་ལུ་ བརྩི་མཐོང་བསྐྱེད་དགོཔ་ད་ བཀྲིས་སྒང་དེ་ སྔར་སྲོལ་ལམ་ལུགས་ཚུ་ ཕྱུགཔོ་ཡོདཔ་ལས་ ལྟ་བཤལཔ་གི་དོན་ལུ་ ལེགས་ཤོམ་ཡོད་མི་ལུ་བརྟེན་ དེ་ཚུ་གིས་ རྒྱལ་ཁབ་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་གི་ དཔལ་འབྱོར་གོང་འཕེལ་འབག་ཚུགས་ནི་ཨིན་མི་ལུ་བརྟེན་ ང་གིས་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་ ཕྱག་ཞུ་ནི་ཨིན།

རྩི་རང་།

དཱན་ཀུ་མར་ སཱན་ཝར།
སྐྱེས་ལོ་ ༣༡

གཡུས་ ཀ་བལ་ཞིང་།

རྒེད་འོག་ རྩི་རང་སྟོད།

ཤེས་ཚད་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ ཚོང་འབྲེལ་པ་འབད་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ན་གཞོན་ཚུ་ མ་འོངས་པའི་འགོ་ཁྲིདཔ་ཨིནམ་ལས་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ གཅིག་སྒྲིལ་ཐོག་ལས་ ལཱ་རྩ་འགེངས་འབད་དགོཔ་བཞིན་དུ་ མི་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ མི་སེར་ཆ་མཉམ་ལུ་ དོན་སྨིན་ཅན་གྱི་ ཞབས་ཏོག་སྤྲོད་ནི་དང་ གདོང་ལེན་ཅན་གྱི་ གནད་དོན་ཚུ་ སེལ་ཐབས་འབད་ནིའི་ བློ་གཏད་ཡོད། ཁས་ལེན་དང་ དྭངས་གསལ་ དེ་ལས་ དམ་ཚིག་དཔང་བཙུགས་ཐོག་ལས་ ཕྱག་ཞུ་ནི་དེ་ ང་རའི་གཙོ་རིམ་ཨིན། སྲུང་སྐྱོབ་དང་ རང་དབང་གི་མཐའ་དོན་ལུ་ ཁྲིམས་བཟོ་ནི་དང་ ལམ་སྲོལ་དང་མཐུན་པའི་ སྲིད་བྱུས་བཟོ་ནི་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ གོང་འཕེལ་གཏང་ནི་ཚུ་ནང་ འདྲ་མཉམ་སྦེ་ བཅའ་མར་གཏོགས་ནི་དེ་ ང་རའི་ གནས་ཡུན་རིང་གི་ རེ་འདོད་ངོ་མ་ཅིག་ཨིན།

ཧོམ་ནཌ་ ཐཱ་པ།
སྐྱེས་ལོ་ ༣༠
གཡུས་ ཕུན་སུམ་སྒང་།
རྒེད་འོག་ སྒོ་གསར་གླིང་།
ཤེས་ཚད་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ སོ་ནམ་པ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? འགོ་ཁྲིད་པའི་ཁྱད་པར་དང་ འགན་ཁུར་ཐོག་ལས་ མི་སེར་གྱི་ མགྲིན་ཚབ་འབད་ནི་ཨིནམ་ད་ དམངས་གཙོའི་གཞུང་སྒྲིང་སྒྲི་བཟོ་ནིའི་དོན་ལུ་ རྩ་འགེངས་ཏེ་ འགན་ཁུར་འབག་ནི་དང་འབྲེལ་ འོས་ལྡན་གྱི་འགོ་ཁྲིདཔ་ གདམ་ཁ་རྐྱབ་བཅུག་ནིའི་དོན་ལུ་ རྩི་རང་གི་ མི་སེར་ཚུ་ལུ་ གདམ་ཁ་བྱིན་ནི་ཨིན། ང་གིས་ སོ་ནམ་གྱི་ལཱ་འབད་ཡོདཔ་ལས་ སོ་ནམ་གྱི་སྲིད་བྱུས་ཚུ་ ལེགས་བཅོས་འབད་དེ་ སོ་ནམ་གྱི་ལས་དོན་ནང་ ལཱ་གཡོག་གི་ གོ་སྐབས་ལེ་ཤ་བཟོ་སྟེ་ རྩི་རང་གི་ངོ་ཚབ་ ལེགས་ཤོམ་འབད་ཚུགས།
ང་ར་ ན་གཞོན་ཅིག་འབདཝ་ལས་ ན་གཞོན་གྱི་ ངོ་ཚབ་འབད་མ་ཚུགས་པའི་ དོགས་པ་མེད་པའི་ཁར་ ན་གཞོན་གྱི་ དཀའ་ངལ་དང་ ལཱ་གཡོག་མ་འཐོབ་པའི་ དཀའ་ངལ་ བསལ་ནིའི་དོན་ལུ་ རྒྱབ་སྐྱོར་ཚུ་ ངེས་བརྟན་བྱིན་ནི་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཀྱི་ ཚོགས་ཁང་ཅིག་ཨིནམ་ལས་ སྲིད་བྱུས་དང་ འཆར་གཞི་ཚུ་གི་ཐོག་ལས་ ང་རའི་ དམིགས་གཏད་ཚུ་ འགྲུབ་ཚུགསཔ་འབད་ནི་ཨིན།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *