ཁྱེད་རའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཤེས་དགོཔ།

པདྨ་དགའ་ཚལ་ མཁར་- གཡུ་རུང།

ཚེ་རིང་ཆོས་སྒྲོན།
སྐྱེས་ལོ་༤༥།
ཉམས་མྱོང་ སློབ་དཔོན་དང་ དབུ་འཛིན་ སྒེར་སྡེ་ཅིག་ནང་ ལས་རིམ་འགོ་དཔོན་ དེ་ལས་ ཚོང་འབྲེལ་པ་འབད་ཡི།
ཤེས་ཚད་ ཤེས་རིག་འགོ་ཁྲིདཔ་དང་ འཛིན་སྐྱོང་ནང་ གཙུག་ལག་ཤེས་ཡོན།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
འབྲེལ་བ་འཐབ་ངོ་བདེ་ཏོག་ཏོ་དང་ བྱམས་བརྩེ་ཅན་ བརྩོན་ཤུགས་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
སོ་ནམ་ཞིང་ལམ་དང་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་ འཐུང་ཆུ་ འགྲུལ་འཕྲིན་དང་ རྒྱང་མཐོང་མཐུད་སྦྲེལ་ དེ་ལས་ སོ་ནམ་ཚོང་ཁང་ཚུ་ གཞི་བཙུགས་འབད་ནི་ཨིན།

ད་རེས་ཀྱི་བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་མ་དགའ་མི་རེ་སླབ?
བཙག་འཐུའི་བྱ་སྒོ་རིམ་པ་ག་ར་ དགའ་དོ་ཡོད་རུང་ སྲིད་དོན་ཚོགས་པ་དག་པ་ཅིག་གིས་ མི་ཚུ་ལུ་ བརྙས་བཅོས་འབད་མི་དང་ མི་ཚུ་གིས་ ཁོང་རའི་དབང་ཚད་ཐོག་ལས་མེན་པར་ ཚོགས་པ་ཚུ་གིས་ ཚོགས་རྒྱན་བཙུགས་མི་དེ་ མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ག་ཅི་འདུག?
རང་མགོ་རང་འདྲོངས་དང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་དབང་རང་བཙན་དེ་ཨིན།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
མི་སེར་དང་ རྒྱལ་ཁབ་ལུ་ མཁོ་ཆེ་བའི་ འབྲུག་ཕུན་སུམ་ཚོགས་པའི་ དུས་ཐུང་དང་ ཡུན་རིང་གི་ཁས་བླངས་ ཚོགས་པ་ལུ་ འདས་པའི་ལོ་༡༠ གྱི་རིང་ གཞུང་སྐྱོང་དང་ ལྡོག་ཕྱོགས་འབད་བའི་ཉམས་མྱོང་དང་ ང་གིས་ ང་རའི་འདེམས་ཁོངས་ཀྱི་ མི་སེར་དང་ ཁོང་གི་རེ་འདོད་ཚུ་ འགྲུབ་ཚུགསཔ་སྦེ་ ཕྱག་ཞུ་ནི་ཨིན་མི་ལུ་བརྟེན་ཨིན།

ཁྱོད་ར་རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
སོ་ནམ་ཞིང་ལམ་ཚུ་ རྩི་ནག་གཏང་ནི་དང་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་ཚུ་ མཐུད་སྦྲེལ་འབད་ནི་ཨིན།

མི་སྡེ་བརྡ་བརྒྱུད་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
ང་ལུ་ མི་སྡེ་བརྡ་བརྒྱུད་དེ་ གནོད་པ་ཨིན་མི་དེ་ཡང་ སྲིད་དོན་ཚོགས་པ་དང་ རྒྱབ་སྐྱོར་པ་ཚུ་གི་བར་ན་ མ་འཆམ་བཟོ་ཡོདཔ་མ་ཚད་ མི་ཚུ་གིས་ ལྕོགས་གྲུབ་ཅན་གྱི་ སྲིད་ཚོགས་གདམ་འཐུ་འབད་ནི་ལུ་ཡང་ གནོད་ཡོད་མི་ལུ་བརྟེན་ཨིན།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *