ཁྱེད་རའི་ རྒྱལ་ཡོངས་ཚོགས་སྡེ་གི་ འདེམས་ངོ་ཤེས་དགོཔ།

བཀྲིས་གཡང་རྩེ།

ཀརྨ་རྒྱལ་མཚན།
སྐྱེས་ལོ་ ༣༥

གཡུས་ གཡང་རྩེ་ཆོས་འཁོར།

རྒེད་འོག་ ཁྲོམ།
ཤེས་ཚད་ ཤེས་རིག་ནང་ མཐོ་རིམ་ཤེས་ཚད་ཡོད།
ཉམས་མྱོང་ སློབ་དཔོན་དང་ བཟོ་སྐྲུན་ཚོང་འབྲེལ་ནང་ ལཱ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? སློབ་གྲྭ་ནང་ལས་ར་ སློབ་དཔོན་དང་ཕམ་ དེ་ལས་ གཞུང་ལས་ མ་འོངས་པའི་མི་རྒྱུད་ སྟོང་ཕྲག་ལས་བཅད་མི་ཚུ་གི་ རེ་འདོད་ཚུ་ ཞིབ་འཚོལ་འབད་ཡོདཔ་མ་ཚད་ ཕམ་ཚུ་གིས་ཡང་ ཁོང་གི་ བུ་དང་བུམོ་ཚུ་ལས་ རེ་བ་ག་ཅི་ཡོདཔ་ཨིན་ནའི་ ཞིབ་འཚོལ་འབད་ཡོདཔ་ད་ བཟོ་སྐྲུན་ས་ཁོངས་ནང་ ལཱ་འབད་བའི་སྐབས་ ཁག་འབགཔ་ཚུ་ལུ་ གདོང་ལེན་ག་ཅི་ར་ བྱུངམ་ཨིན་ན་དང་ རྫོང་ཁག་ནང་ བཟོ་རིག་འགོ་དཔོན་མ་ལང་པའི་དཀའ་ངལ་ དེ་ལས་ ལཱ་གི་སྤུས་ཚད་ཚུ་ལུ་ ཐོ་ཕོག་མི་ཚུ་ མཐོང་གསལ་བྱུང་ཡོདཔ་བཞིན་དུ་ ང་ར་སྐྱེསཝ་ལས་འགོ་བཙུགས་ ད་ལྟོ་ཚུན་ བཀྲིས་གཡང་རྩེ་ལུ་ར་ སྡོད་མི་ལུ་བརྟེན་ མི་ཚུ་གིས་ བཀྲིས་གཡང་རྩེ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ ངོ་ཚབ་འབད་ནིའི་ གོ་སྐབས་བྱིན་པ་ཅིན་ དཀའ་ངལ་དེ་ཚུ་ སེལ་ཐབས་འབད་ནི་ཨིན།

ངག་དབང་བཀྲིས།
སྐྱེས་ལོ་ ༣༥

གཡུས་ འོག་མཁར།

རྒེད་འོག་ སྟོང་མེད་བྱང་ས།

ཤེས་ཚད་ སྤྱིར་བཏང་གི་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ རྒེད་འོག་བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ ལོ་༧ ལྷག་ཙམ་གྱི་རིང་ མི་སེར་ཚུ་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་ཐོག་ལས་ ས་གནས་གཞུང་ནང་ རྒེད་འོག་བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ལས་ མཐའ་ཟུར་གནས་ཚད་ཀྱི་ མི་སེར་ཚུ་གི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས། རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་དབང་ལུ་གནོད་པའི་ ཁྲིམས་དང་སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ཐོག་ལས་ མཁོ་གལ་ཆེ་བའི་ བསྒྱུར་བཅོས་ཚུ་ འབག་འོང་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་འབག་མ་ཚུགས་པའི་ དོགས་པ་མེད་མི་ལུ་བརྟེན་ ང་གིས་ དམ་ཚིག་དཔང་བཙུགས་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིན།

ཕུར་པ་རྒྱལ་མཚན།
སྐྱེས་ལོ་ ༣༩

གཡུས་ སྒོ་འཆང་།

རྒེད་འོག་ རམ་འཇར།

ཤེས་ཚད་ རྫོང་ཁའི་ནང་ མཐོ་རིམ་ ཤེས་ཚད་ཡོད།

ཉམས་མྱོང་ དྲུང་ཆེན་ལས་རོགསཔ་དང་ གནས་ཚུལ་བསྡུ་བཀོདཔ་ རྩོམ་སྒྲིག་པ་ དེ་ལས་ རྒྱང་བསྒྲགས་དང་ རྒྱང་མཐོང་༢ ཆ་རའི་ནང་ གསལ་བཤད་པ་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལོ་ངོ་༡༣ དེ་ཅིག་གི་རིང་ ཕྱག་ཞུ་བའི་སྐབས་ རྩ་ཁྲིམས་ཆེན་མོ་ ཟིན་བྲིས་བཏབ་པའི་ ནམ་དུས་ལས་འགོ་བཟུང་ བཙག་འཐུ་རིམ་པ་གཉིས་དེ་ཅིག་ནང་ ཐད་ཀར་དུ་ འབྲེལ་གཏོགས་འབད་དེ་ རྒྱལ་ཁབ་ཀྱི་ ཁྲིམས་དང་སྲིད་བྱུས་ དེ་ལས་ ཚོགས་ཁང་གཉིས་ཀྱིས་ ཕྱག་འགན་གནང་ཐངས་ཚུ་ག་ར་ ཧ་གོ་ཡོདཔ་མ་ཚད་ ཉམས་མྱོང་དང་རིག་པ་ གཟུགས་ཀྱི་ལྕོགས་གྲུབ་ལས་འབད་རུང་ སྒྲིང་སྒྲི་ཡོད་པའི་དུས་ལུ་ རྒྱལ་ཁབ་དང་ མི་སེར་ལུ་ ཐེ་ཚོམ་ག་ནི་ཡང་མེད་པར་ ཕྱག་ཞུ་ཚུགས་ནི་ཨིན་མི་ལུ་བརྟེན་ཨིན།

བསོད་ནམས་བསྟན་འཛིན།
སྐྱེས་ལོ་ ༣༢

གཡུས་ སྤམ།

རྒེད་འོག་ ཁམས་དྭངས།

ཤེས་ཚད་ གློག་རིག་ཀམ་པུས་ཊར་ལག་ལེན་ནང་ མཐོ་རིམ་ཤེས་ཚད་ཡོད།

ཉམས་མྱོང་ ཚོང་འབྲེལ་པ་འབད་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? མི་ཚུ་གིས་ ང་ལུ་ ཚོགས་རྒྱན་བཙུགས་དགོ་མི་དེ་ཡང་ ང་ལུ་ མི་ཚུ་གི་ བསམ་འཆར་ཉན་ནི་དང་ ཁྲིམས་དང་སྲིད་བྱུས་ཚུ་ལུ་ གུས་ཞབས་ཀྱི་ཐོག་ལས་ བསྒྱུར་བཅོས་འབག་འོང་ཚུགས་པའི་ ལྕོགས་གྲུབ་ཡོད་མི་ལུ་བརྟེན་ཨིན།

བཀྲིས་ཕུན་ཚོགས།
སྐྱེས་ལོ་ ༤༦

གཡུས་ ཡ་ལང།

རྒེད་འོག་ ཡ་ལང་།

ཤེས་ཚད་ ཤེས་རིག་འགོ་ཁྲིདཔ་དང་ འཛིན་སྐྱོང་ནང་ གཙུག་ལག་ཤེས་ཚད་ཡོད།

ཉམས་མྱོང་ སློབ་དཔོན་དང་ དབུ་འཛིན་ དེ་ལས་ ཤེས་རིག་ལྟ་རྟོག་འགོ་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོད།

མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ ཁོང་གི་ངོ་ཚབ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཕྱག་ཞུ་ནིའི་ གོ་སྐབས་བྱིན་མི་ལུ་ དགའ་ཚོར་ཡོདཔ་བཞིན་དུ་ ད་རུང་ ཁོང་གི་བློ་གཏད་ཚུ་ འཐོབ་ཚུགས་ཐབས་ལུ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་རང་དབང་ དེ་ལས་ རྒྱལ་ཁབ་དང་ མི་སེར་ཚུ་གི་ ཞི་བདེ་ཡུན་བརྟན་གནས་ཐབས་ཀྱི་ མི་དབང་མངའ་ཞབས་མཆོག་གི་ ཐུགས་དགོངས་འགྲུབ་ནིའི་དོན་ལུ་ རྩ་འགེངས་ཕྱག་ཞུ་ཐོག་ལས་ ཉམས་མྱོང་ཚུ་ ལག་ལེན་འཐབ་ནི་ཨིན།

འཕྲིན་ལས།
སྐྱེས་ལོ་ ༣༦
གཡུས་ གླི་ཅན།
རྒེད་འོག་ གཡང་རྩེ།
ཤེས་ཚད་ ཁྲིམས་དོན་ནང་ མཐོ་རིམ་ཤེས་ཚད་དང་ རྒྱལ་ཡོངས་ཁྲིམས་དོན་ནང་ མཐོ་རིམ་གོང་མ་ཌིབ་ལོ་མའི་ ཤེས་ཚད་ཡོད།
ཉམས་མྱོང་ ཁྲིམས་དོན་འགོ་དཔོན་དང་ ཁྲིམས་ཞིབ་པ་ ཁྲིམས་དོན་གྲོས་སྟོན་པ་ དེ་ལས་ སོ་ནམ་པ་དང་ ཚོང་འབྲེལ་པ་འབད་བའི་ ཉམས་མྱོང་ཡོད།
མི་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་ག་ཅི་སྦེ་ བཙུགས་དགོཔ? ང་ར་ དུས་ཨ་རྟག་ར་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་བ་ཡོདཔ་ལས་ བཀྲིས་གཡང་རྩེའི་མི་ཚུ་དང་ ཁྲིམས་རྩོདཔ་ཅིག་འབདཝ་ལས་ རྒྱལ་ཡོངས་ཀྱི་དམིགས་ཡུལ་དང་ ཡུན་བརྟན་གྱི་ སྲིད་བྱུས་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ར་ ཤེས་རྟོགས་ཡོད་པའི་ཁར་ རྩ་ཁྲིམས་ཆེན་མོ་གིས་ མི་ཚུ་ལུ་ གཞི་རྟེན་ཐོབ་དབང་གནང་དོ་ཡོདཔ་ད་ མི་ཚུ་ལུ་ ཐོབ་དབང་དེ་ཚུ་ སྤྲོད་ནི་དེ་ གཞུང་གི་འགན་ཁུར་ཨིན།
དེ་ལས་ རྩ་ཁྲིམས་ཆེན་མོ་གིས་ མི་ཚུ་ལུ་ གཞི་རྟེན་འགན་ཁུར་ཚུ་ཡང་ སྤྲོད་དེ་ཡོདཔ་ལས་ མི་ཚུ་གིས་ དེ་གི་སྐོར་ལས་ ཧ་གོ་དགོཔ་བཞིན་དུ་ གཞུང་གི་གཙུག་སྡེ་དང་ མི་སེར་ཚུ་གི་བར་ན་ མཐུན་འབྲེལ་དང་ ངོས་ལེན་ལེགས་ཤོམ་ དེ་ལས་ མི་ཚུ་གི་ རེ་འདོད་འགྲུབ་ནིའི་དོན་ལས་ ཕྱག་ཞུ་ཐབས་ལུ་ ཁྲིམས་དང་སྲིད་བྱུས་ཚུ་ཡང་ ལེགས་ཤོམ་སྦེ་ བཟོ་དགོ་མི་ལུ་བརྟེན་ ང་ལུ་ ཁྲིམས་ཀྱི་རྒྱབ་ཁུངས་ཡོད་པའི་ཁར་ མི་སྡེའི་ནང་ར་ སྡོད་ནི་དེ་གིས་ ཁག་ཆེ་བའི་གཙུག་སྡེ་ནང་ མི་ཚུ་གི་ངོ་ཚབ་སྦེ་ ཕྱག་ཞུ་ནི་ལུ་ དགོས་མཁོ་ཆེ་བའི་ ཉམས་མྱོང་ཚུ་ཡོད།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *