༉ ལྷུན་རྩེ་ སྨན་རྗེ་རྒེད་འོག་ནང་ སྤྱི་ཟླ་༩ པའི་ཚེས་༨ གི་ནུབ་མོ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཁྱིམ་གྱི་ལྟག་ལས་མར་ ས་རུད་ཆད་འོངམ་ད་ ཁྱིམ་གུ་ཕོག་སྟེ་ ཁྱིམ་ནང་ ཞག་ཉལ་སྡོད་མི་ བཟའ་ཚང་༥ ཡོད་མི་ལས་ ཨ་ལོ་༢ ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ གླང་༡ ཡང་ འཕྱགས་བདའ་ནུག།
དེ་ཡང་ སྨན་རྗེ་རྒེད་འོག་གི་ ཉིན་གྲངས་༣ འབད་མི་ ལོ་བསྟར་ཚེས་བཅུ་ མཇུག་བསྡུ་བའི་ནུབ་མོ་ ཆུ་ཚོད་༡༢ ལས་ དྲོ་པའི་ཆུ་ཚོད་༤ ཚུན་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ རྒེད་འོག་གི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ས་རུད་དང་ ཆུ་རུད་ཚུ་ཐོན་ཏེ་ ལོ་ཐོག་དང་ ས་ཞིང་ དེ་ལས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་སྐྱོན་རྐྱབ་ནུག།
སྐྱེས་ལོ་༦༡ ལང་མི་ བ་ཀུ་མོ་གི་ ཁྱིམ་གྱི་ལྟག་ལས་མར་ ས་རུད་ཆད་འོང་པའི་སྐབས་ ངང་ལ་ཤིང་འགྱེལ་ཏེ་ རྩིག་ཁྱིམ་གུ་ཕོག་པའི་སྐབས་ ནང་ན་ལས་ རྩིག་རྡོ་རམ་འོང་མི་གིས་ ཞག་ཉལ་སྡོད་མི་ བུཚ་ཅིག་དང་ བུམོ་ཅིག་ལུ་ གནོད་སྐྱོན་རྐྱབ་ནུག།
སྐྱེས་ལོ་༡༣ ལང་མི་བུཚ་དེ་ རྡོ་གིས་སྤུབས་ཡོདཔ་ད་ སྐྱེས་ལོ་༡༧ ལང་མི་བུམོ་དེ་ གྱང་ཁོག་དང་ མིག་ཏོ་ དེ་ལས་ རྣམ་ཅོ་གི་བར་ན་ རྡོ་གིས་ཕོག་ཡོད་རུང་ གཞན་༣ ལུ་ གནོད་སྐྱོན་ག་ནི་ཡང་ མ་འབྱུང་པས།
རྐྱེན་ངན་བྱུང་བའི་སྐབས་ ཁྱིམ་ནང་ཉལ་སྡོད་མི་ ཀརྨ་བཀྲིས་ཀྱིས་ སླབ་མིའི་ནང་ ཁོ་དང་ ཁོ་རའི་ཨམ་སྲུ་༢ ལུ་ གནོད་སྐྱོན་མ་འབྱུང་མི་དེ་ཡང་ རྡོ་རམ་འོང་སའི་ གདོང་སྐོར་ལུ་མེན་པར་ ཟུར་ཁ་ལུ་ ཉལ་ནི་དེ་གིས་ཨིནམ་ད་ ཨའི་དེ་ གསང་སྤྱོད་ནང་འགྱོ་བའི་སྐབས་ རྡོ་རམ་འོང་ནུག་ཟེར་ཨིན་པས།
སློབ་རིམ་༥ པའི་ནང་ དཔེ་ཆ་ལྷབ་མི་ བུཚ་དེ་ རྡོ་གི་སྤུབས་བཞག་ཡོདཔ་ལས་ དེ་འཕྲོ་ལས་ ཀརྨ་བཀྲིས་དང་ ཨམ་སྲུ་གིས་ སྲོག་སྐྱབས་འབད་ཞིནམ་ལས་ ཁྱིམ་གྱི་འོག་ལུ་ཡོད་པའི་ སྨན་ཁང་ནང་བསྐྱལ་ཏེ་ སྨན་བཅོས་འབད་ཡི་ཟེར་ཨིན་པས།
ཁོང་༢ ཆ་ར་ རྫོང་ཁག་གི་ སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ བུཚ་གི་མགུ་ཏོ་གུ་ རྨ་སྐྱོན་བྱུང་མི་དེ་ ཚེམས་ཁག་༣ དེ་ཅིག་ རྐྱབ་ཡོད་པའི་ཁར་ ལགཔ་གུ་ རྨ་སྐྱོན་བྱུང་མི་དེ་ གློག་པར་ཚུ་བཏབ་སྟེ་ ལོག་གཡུས་ཁར་ བཏང་ཡོདཔ་ཨིན་པས།
བུམོ་དེ་ལུ་ ཨ་པ་མེད་པའི་ཁར་ ཨའི་ཡང་ ཐིམ་ཕུག་ལས་ཕར་ སྤུན་ཆ་དང་མཉམ་སྡོད་དོ་ཡོདཔ་ད་ བུཚ་དེ་གི་ཕམ་༢ ཡང་ ཡ་བྲལ་སོང་ཡོདཔ་ལས་ ཆུང་ཀུ་བསྒང་ལས་ ད་ལྟོ་ཚུན་ ཨང་རྒས་དང་ སྤུན་ཆ་ཚུ་གིས་ གསོ་དོ་ཡོདཔ་ཨིན་པས།
ལས་ཤུ་སྒང་གཡུས་ཚན་ལས་ སྐྱེས་ལོ་༢༧ ལང་མི་ སངས་རྒྱས་རྡོ་རྗེ་གིས་ ཁོ་རའི་ཞིང་ནང་ ཐགཔ་བཏགས་བཞག་མི་ གླང་ཅིག་ཡང་ ས་རུད་དང་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་མ་ཚད་ ལོ་ཐོག་དང་ ཁྱིམ་ལུ་ཡང་ གནོད་སྐྱོན་རྐྱབ་སྟེ་འདུག།
སྨིན་རྗེ་རྒཔོ་ བཀྲིས་ནོར་བུ་གིས་ སླབ་མིའི་ནང་ ལོ་༡༠ གྱི་ཧེ་མ་ བཟོ་སྐྲུན་འབད་མི་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༢ འབད་མི་ལས་ མི་ཊར་༣༠ དེ་ཅིག་ལུ་ ས་རུད་ཆད་མི་དེ་གིས་ ལོ་ཐོག་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས།
རྫོང་རབ་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༩ གི་ཉིན་མ་ རྫོང་ཁག་ལས་ སྡེ་ཚན་ཅིག་ ཞིབ་དཔྱད་འབད་བར་འགྱོ་བའི་སྐབས་ ལོ་ཐོག་དང་ ཁྱིམ་ལུ་ གནོད་སྐྱོན་རྐྱབ་མི་ཚུ་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ རྐྱེན་ངན་འཛིན་སྐྱོང་ཡིག་ཚང་ལུ་ སྙན་ཞུ་ཕུལ་ཡི་ཟེར་ཨིན་པས།
སྨིན་རྗེ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་༢ ཀྱི་ གནས་སྟངས་དེ་ཡང་ ད་ལྟོ་ ལེགས་ཤོམ་སྦེ་ཡོདཔ་མ་ཚད་ སྨན་བཅོས་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།
སྨིན་རྗེ་ལས་ བཀྲིས་ཕུན་ཚོགས།