ཁྱི་ཚང་ཁྲོམ་ཁར་ འཐུང་ཆུ་དང་ གཙང་སྦྲའི་དཀའ་ངལ་ཡོདཔ།

༉ བཀྲིས་གཡང་རྩེ་ ཁྱི་ཚང་ཁྲོམ་ཁར་ སྡོད་མི་ཚུ་ལུ་ འཐུང་ཆུའི་དཀའ་ངལ་སྦོམ་སྦེ་ར་ཐོན་ཏེ་ བདུན་ཕྲག་༣ དེ་ཅིག་ ལང་ཡོདཔ་ཨིན་པས།

སྣུམ་འཁོར་ཡོད་མི་ཚུ་གིས་ ཉེ་འདབས་ཀྱི་ ཆུ་རྫིང་ཚུ་ནང་ལས་ ཆུ་དབོགས་འབག་དོ་ཡོད་རུང་ སྣུམ་འཁོར་མེད་མི་ཚུ་ ཨ་རྟག་ར་ རྐང་སྟོང་སྦེ་ འགྱོ་ཐོག་ལས་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ གྱལ་ནང་སྡོད་དགོ་པའི་ཁར་ ལ་ལོ་གིས་ ཆརཔ་གི་ཆུ་དེ་ཚུ་ གསོག་འཇོག་འབད་དོ་ཡོདཔ་ཨིན་པས།

ཚོང་པ་སངས་རྒྱས་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཁྲོམ་ཁར་འཐུང་ཆུའི་དཀའ་ངལ་ཐོན་ཏེ་ བདུན་ཕྲག་༣ དེ་ཅིག་ ལང་ཡོདཔ་བཞིན་དུ་ ཁྱི་ཚང་ཁྲོམ་ཁའི་དོན་ལུ་ འཐུང་ཆུ་བཀྲམ་སྤེལ་དེ་ ཞིང་ཆུའི་གཡུར་བ་ལས་ མཐུད་སྦྲེལ་འབད་ནུག་ཟེར་ཨིན་པས།

ཁོ་གིས་ ཆུ་དེ་ གཙང་སྦྲ་དང་ལྡནམ་སྦེ་ མེད་པའི་ཁར་ ཞིང་ཆུའི་གཡུར་བ་དེ་ནང་ སེམས་ཅན་ཚུ་ འཛུལ་དོ་ཡོདཔ་ལས་ འཐུང་ནིའི་དོན་ལུ་ ལག་ལེན་འཐབ་མི་ཚུགས་པས་ཟེར་ བཤད་ཡོདཔ་ད་ འཐུང་ཆུ་དེ་ ཞིང་ཆུའི་གཡུར་བ་ལས་ ག་དེ་སྦེ་ མཐུད་སྦྲེལ་འབད་ཡོདཔ་ཨིན་ན་ཟེར་ འབྲེལ་ཡོད་དབང་འཛིན་ལུ་ དྲི་བཀོད་འབདཝ་ཨིན་པས།

ཚོང་པའི་འཐུས་མི་ ཀརྨ་ལྷ་མོ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ ཆུ་རྐ་དེ་ འཕྱགས་བདའ་ཡོདཔ་ལས་ ཁྲོམ་ཁར་འཐུང་ཆུའི་དཀལ་ངལ་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ད་རེས་ ཁྲོམ་ཁར་སྡོད་མི་ མང་ཤོས་ར་ སྒྲིང་ཁྱིམ་རྐྱབ་པའི་བསྒང་ཨིནམ་ལས་ ཆུ་མེད་མི་ལུ་བརྟེན་ ལཱ་ཚུ་ལུ་ཡང་ ཐོ་ཕོག་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ ཚེར་སྒོམ་ལས་ ཆུ་འབག་འོང་སྟེ་ བཟོ་སྐྲུན་གྱི་ལཱ་ཚུ་ འཕྲོ་མཐུད་འབད་དེས་ཟེར་ཨིན་པས།

གནད་དོན་དེ་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ འགོ་དཔོན་ཚུ་གིས་ འཕྲལ་མགྱོགས་ར་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་ནི་སྦེ་ སླབ་དེས་ཟེར་ཨིན་རུང་ ད་ལྟོ་ཚུན་ཚོད་ ཉམས་བཅོས་ག་ནི་ཡང་ འབད་ནི་མིན་འདུག་ཟེར་ ཀརྨ་ལྷ་མོ་གིས་ བཤདཔ་ཨིན་པས།

མི་གཞན་ཚུ་གིས་འབད་བ་ཅིན་ ཁྱི་ཚང་ཁྲོམ་ཁའི་ འཐུང་ཆུ་བཀྲམ་སྤེལ་དེ་ ཁམས་དྭངས་རྒེད་འོག་གི་ གླེང་མཁར་དང་ ལྕགས་ཀྱི་ལྡེ་མིག་ཉེ་འདབས་ལས་ ཞིང་ཆུའི་གཡུར་བ་དེ་ལས་ མཐུད་སྦྲེལ་འབད་ནུག་ཟེར་ཨིནམ་ད་ ད་ལྟོ་ཚོན་ ཁོང་ཆ་ཁྱབ་ གཙང་སྦྲ་མེད་པའི་ ཆུ་དེ་ འཐུང་སྡོད་ནུག་ཟེར་ བཤདཔ་ཨིན་པས།

ཁོང་གིས་འབད་བ་ཅིན་ ཁམས་དྭངས་རྒེད་འོག་ བཟང་པོ་ཟོར་ལུ་ ཆུ་ལེགས་བཅོས་ཁང་བཟོ་སྐྲུན་འབད་ཡོད་རུང་ ཆུ་ལེགས་བཅོས་འབད་ནི་མེད་པའི་ཁར་ དེ་ཁར་ཡོད་མི་ ཆུ་རྫིང་ཚུ་ཡང་ ཁབ་ཏོ་མེད་པར་ བཞག་ཡོདཔ་ལས་ གཞུང་གི་ མ་དངུལ་ཚུ་ ཆུད་ཟད་རྐྱངམ་གཅིག་ ཨིན་མས་ཟེར་ཨིན་པས།

ཀརྨ་ལྷ་མོ་གིས་ སླབ་མིའི་ནང་ བཟང་པོ་ཟོར་གྱི་ ཆུ་ལེགས་བཅོས་ཁང་དང་ ཁྱི་ཚང་ཁྲོམ་ཁའི་འཐུང་ཆུ་དེ་ ཞིང་ཆུའི་གཡུར་བ་དེ་ལས་ མཐུད་སྦྲེལ་འབད་ཡོད་པའི་སྐོར་ལས་ཡང་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོད་རུང་ ད་ལྟོ་ཚུན་ ལན་གསལ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

རྫོང་ཁག་ཁྲོམ་སྡེའི་འགོ་འཛིན་པ་ བ་ལི་རཱཇ་རའེ་གིས་ སླབ་མིའི་ནང་ ས་རུད་ཆད་མི་དེ་གིས་ ཆུ་རྐའི་གཞི་རྟེན་ར་ འཕྱགས་བདའ་ཡོདཔ་ལས་ ད་ལྟོ་ ཉམས་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ མཁོ་ལོང་ཆུ་ལས་འགུལ་གྱི་ ཆུ་སྐྱེལ་སྤྲོད་འབད་མི་ སྣུམ་འཁོར་ཊེང་ཀར་གྱིས་ ཆུ་བཀྲམ་སྤེལ་འབད་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཉམས་བཅོས་ཀྱི་ ལཱ་བརྒྱ་ཆ་༨༠ དེ་ཅིག་ མཇུག་བསྡུ་ཡོདཔ་ལས་ ཉིནམ་དག་པ་ཅིག་ནང་ར་ འཐུང་ཆུ་དེ་ མཐུད་སྦྲེལ་འབད་ཐོག་ བཀྲམ་སྤེལ་འབད་འོང་ཟེར་ཨིནམ་ད་ ཁོང་གི་ཁ་ཐུག་ལས་ དཀའ་ངལ་དེ་ ག་དེ་མགྱོགས་མགྱོགས་ སེལ་ཐབས་འབད་ནིའི་དོན་ལུ་ རྩ་འགེངས་དོ་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁྱི་ཚང་ཁྲོམ་ཁའི་ འཐུང་ཆུ་དེ་ ཞིང་ཆུའི་གཡུར་བ་དེ་ལས་ མཐུད་སྦྲེལ་འབད་ཡོད་མི་དེ་ བདེན་ཟེར་ཨིན་རུང་ བུ་གཡང་ལུ་ཡོད་མི་ ཆུ་རྐ་དེ་ལས་ར་ མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ དེ་ཁར་ གཞིས་ཆགས་སྡོད་མི་ མེད་པའི་ཁར་ སེམས་ཅན་ཚུ་ཡང་ བཞག་བཞགཔ་མེདཔ་ལས་ ཆུ་དེ་ གཙང་ཏོག་ཏོ་ཨིན་ཟེར་ བཤདཔ་ཨིན་པས།

ཁྱི་ཚང་ཁྲོམ་ཁར་ སྡོད་མི་ཚུ་ ཆུའི་མི་ཊར་དང་ མཐུད་སྦྲེལ་འབད་དེ་མེདཔ་ལས་ བཟང་པོ་ཟོར་གྱི་ ཆུ་ལེགས་བཅོས་ཁང་དེ་ཁར་ འཕྲལ་འཕྲལ་མ་གཏོགས་ དུས་རྒྱུན་དུ་ ཆུ་ལེགས་བཅོས་འབད་མི་ཚུགས་ཟེར་ཨིནམ་ད་ ད་ལྟོ་ ཁྲོམ་ཁའི་མི་ཚུ་ལུ་ རིན་མེད་སྟོང་པར་སྦེ་ ཆུ་བཀྲམ་སྤེལ་འབད་དོ་ཟེར་ བ་ལི་རཱཇ་རའེ་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཆུའི་མི་ཊར་མཐུད་སྦྲེལ་འབད་ཚར་བའི་ཤུལ་ལུ་ ཡིག་ཚང་གཞི་བཙུགས་འབད་ཐོག་ལས་ ཆུ་གཉེར་ཅིག་ཡང་ བསྐོ་བཞག་འབད་ཞིནམ་ལས་ དུས་རྒྱུན་དུ་ ཆུ་ལེགས་བཅོས་འབད་དེ་ བཀྲམ་སྤེལ་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *