ཁྱི་གཙང་ཁྲོམ་གསརཔ་ནང་ སྤོ་ནིའི་དོན་ལུ་ ད་རུང་ དུས་ཚོད་ཕར་འགྱངས་ལུ་ སྒུག་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ དོག་གསུམ་ཁྲོམ་ཁར་སྡོད་མི་ཚུ་ ཟླཝ་འདི་གི་མཇུག་ལུ་ ཁྱི་གཙང་ཁྲོམ་གསར་པའི་ནང་ སྤོ་དགོཔ་ཨིན་རུང་ ས་གནས་ཀྱི་མི་ཚུ་གིས་འབད་བ་ཅིན་ དུས་ཚོད་ཁར་ སྤོ་མི་ཚུགས་ནི་མས་ཟེར་ཨིན་པས།

དེ་ཡང་ ནད་ཡམས་དང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ བཟོ་སྐྲུན་ཅ་ཆས་ཚུ་ འཐོབ་མ་ཚུགས་པའི་དཀའ་ངལ་དང་ ལས་མི་མ་ཐོབ་པའི་དཀའ་ངལ་ལུ་བརྟེན་ ཁྱིམ་ཚུ་ཡང་ དུས་ཚོད་ཁར་ སྒྲུབ་མ་ཚུགས་ཟེར་ཨིན་པས།

ཁྲོམ་གསརཔ་ནང་ སྤོ་ནི་ཨིནམ་ཤེས་བཞིན་དུ་ དོག་གསུམ་ཁྲོམ་ཁར་སྡོད་མི་ སྡེ་ཚན་ཅིག་གིས་ གཞུང་ལས་ ད་རུང་དུས་ཚོད་ ཕར་འགྱངས་གནང་དགོ་པའི་སྐོར་ལས་ བློན་ཆེན་ལུ་ ཞུ་ཡིག་ཕུལ་ཡོདཔ་ད་ གལ་སྲིད་ དུས་ཚོད་ཕར་འགྱངས་འབད་བ་ཅིན་ ཐེངས་༦ དེ་ཅིག་ ཕར་འགྱངས་འབད་དགོ་ནི་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཞབས་ཏོག་ལྷན་ཁག་ལུ་གནང་མི་ བཀོད་རྒྱ་དང་འཁྲིལ་བ་ཅིན་ ལྷན་ཁག་གིས་ རྫོང་ཁག་བདག་སྐྱོང་དང་ གྲོས་བསྟུན་ཐོག་ལས་ ཚོང་པ་ཚུ་དང་ ཕན་ཚུན་ཧ་གོ་ཞིནམ་ལས་ ནམ་སྤོ་ནི་ཨིན་ན་ དུས་ཚོད་གཏན་འཁེལ་བཟོ་དགོ་པའི་སྐོར་ལས་ བཀོད་དེ་ཡོདཔ་ཨིན་པས།

ཡིག་ཚང་བཀོད་རྒྱ་ནང་ ཁྲོམ་གསརཔ་ནང་ སྤོ་ནིའི་དུས་ཚོད་གཏན་འཁེལ་བཟོ་ཞིནམ་ལས་ ཚོང་ལས་དང་ ཚོང་ཁང་ དེ་ལས་ ཟ་ཁང་ག་ཅི་ཨིན་རུང་ དོག་གསུམ་ཁྲོམ་རྙིངམ་ནང་ ཚོང་འབྲེལ་འཐབ་མི་ཆོག་ཟེར་ བཀོད་དེ་འདུག།

ཁྲོམ་གྱི་ཚོགས་པ་ ཀརྨ་ལྷ་མོ་གིས་འབད་བ་ཅིན་ ནད་ཡམས་དང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ བཟོ་སྐྲུན་ཅ་ཆས་ཚུ་ འཐོབ་མ་ཚུགས་པའི་དཀའ་ངལ་དང་ ལས་མི་འཐོབ་མི་ཚུགས་དོ་ཡོདཔ་ལས་ ཁྱིམ་རྐྱབ་ནི་ལུ་ ཐོ་ཕོག་ཡི་ཟེར་ཨིནམ་ད་ ལས་མི་འཐོབ་རུང་ གླ་ཐེབས་སྤྲོད་དགོཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ དངུལ་ཁང་ལས་ སྐྱིན་འགྲུལ་འཐོབ་མ་ཚུགས་པའི་དཀའ་ངལ་དང་ ཧེ་མ་ སྐྱེད་བརྒྱ་ཆ་༩ སྦེ་བྱིན་ནི་ཟེར་སླབ་ཡོད་རུང་ ད་རེས་ བརྒྱ་ཆ་༡༠ ལུ་ ཡར་སེང་འབད་ནུག་ཟེར་ཨིནམ་ད་ དངུལ་ཀྲམ་ས་ཡ་༤ དེ་ཅིག་མེད་པ་ཅིན་ ལཱ་འགོ་བཙུགས་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ དོག་གསུམ་གྱི་མི་སེར་ཚུ་ལས་ དུས་ཅི་སྤྱི་ཟླ་༦ པའི་ནང་ ཁྲོམ་གསརཔ་ནང་ སྤོ་མི་ཚུགས་པས་ཟེར་ བློན་ཆེན་ལུ་ ཞུ་ཡིག་ཕུལ་ནུག་ཟེར་ཨིནམ་ད་ ནད་ཡམས་ལ་བརྟེན་ ཚ་གྱང་ཆེ་བའི་གནད་དོན་ཚུ་བཀོད་དེ་འདུག་ཟེར་ཨིན་པས།

ང་བཅས་ཀྱིས་འབད་རུང་ བཟོ་སྐྲུན་ཅ་ཆས་ཚུ་ མ་ཐོབ་པའི་དཀའ་ངལ་ ཧ་གོ་དགོཔ་འདུག་ཟེར་ བློན་པོ་གིས་བཤད་པའི་ཁར་ མི་སེར་ཚུ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་ནི་ལུ་ སྒུག་སྟེ་འདུག་ཟེར་ཨིནམ་ད་ མི་སེར་ཚུ་འབད་རུང་ གློག་མེ་ལས་འགུལ་ལུ་བརྟེན་ ཁེ་ཕན་འཐོབ་ནི་མས་ཟེར་ བློ་བདེ་སྟེ་འདུག་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ཚབ་ཚབ་སྦེ་ ཁྲོམ་གསརཔ་ནང་སྤོ་ནི་མེན་པར་ མི་སེར་གྱི་སྟབས་བདེ་སྡུག་དང་འཁྲིལ་ སྤོ་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ གྲ་སྒྲིག་མེདཔ་ལས་ ཨུ་ཚུགས་བསྐྱེད་དགོཔ་མིན་འདུག་ཟེར་ཨིན་པས།

ཁྱི་གཙང་ཁྲོམ་གསརཔ་ནང་ ཚོང་འབྲེལ་གྱི་དོན་ལུ་ ས་ཚན་༤༠ ཡོད་མི་ལས་ མི་ངོམ་༩ གིས་ ཁྱིམ་རྐྱབ་ཚར་ཡོདཔ་བཞིན་དུ་ མི་ངོམ་༦ གིས་ ཁྱིམ་ཚུ་རྐྱབ་པའི་བསྒང་ཡོདཔ་ད་ མང་ཤོས་ཀྱིས་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ཨིན་པས།

ས་གནས་ཀྱི་མི་ཅིག་གིས་ སླབ་མིའི་ནང་ སྡོད་ཁྱིམ་རྐྱབ་མི་ཚུ་ལུ་ མཁོ་ལོང་གློག་མེ་ལས་འགུལ་ལས་ རྒྱབ་སྐྱོར་ཡོད་རུང་ སྡོད་ཁྱིམ་༡༥༠ ཡོད་ས་ལས་ མི་ངོམ་༤ གི་རྐྱངམ་གཅིག་གིས་ ཁྱིམ་རྐྱབ་སྟེ་ཡོད་ཟེར་ཨིནམ་ད་ མང་ཤོས་ཀྱིས་ ཁྱིམ་མ་རྐྱབ་པར་ཡོད་ཟེར་ཨིན་པས།

ས་གནས་སྡོད་མི་ སངས་རྒྱས་ཆོས་གྲགས་ཀྱིས་འབད་བ་ཅིན་ མི་སེར་ཚུ་ ཁྲོམ་གསརཔ་ནང་ མི་སྤོ་ཟེར་སླབ་མི་ ག་ཡང་མེད་ཟེར་ཨིནམ་ད་ ནད་ཡམས་དང་ ཁྲོམ་གསརཔ་ནང་ ཁྱིམ་རྐྱབ་མ་ཚར་ནི་དེ་གིས་ ས་ཁོངས་གསརཔ་ནང་ སྤོ་མི་ཚུགས་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མང་ཤོས་ཀྱིས་ ཁྱིམ་རྐྱབ་ནི་འགོ་བཙུགས་ཡི་ཟེར་ཨིནམ་ད་ ག་ཅི་འབད་རུང་ གོང་ཚད་ཡར་སེང་འགྱོ་ནི་དེ་གིས་ དཀའ་ངལ་འདུག་ཟེར་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ཁྲོམ་གསརཔ་ནང་ ད་ལྟོ་ སྤོ་མ་ཚུགས་པའི་དཀའ་ངལ་དེ་ ཁྱིམ་གྱི་ས་ཁྲ་དང་ ཆུའི་དཀའ་ངལ་ དེ་ལས་ ཤིང་ཆས་དང་ སྐྱིན་འགྲུལ་ཚུ་ འཐོབ་མ་ཚུགས་པའི་ གནད་དོན་ལུ་བརྟེན་ སྤོ་མ་ཚུགས་ཟེར་ཨིནམ་ད་ ལ་ལོ་ཅིག་ འོང་འབབ་མེད་ནི་དེ་གིས་ ལུས་སོ་ཡི་ཟེར་ཨིན་པས།

སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་གིས་འབད་བ་ཅིན་ ཁྲོམ་གསར་པའི་ས་ཁོངས་ནང་ གཞི་རྟེན་མཐུན་རྐྱེན་ ཁྲོམ་ནང་འཁོད་ གློག་མེ་དང་ བཙོག་གཡུར་ལ་སོགས་པ་ཚུ་ ག་ནི་ཡང་མེད་ཟེར་ཨིནམ་ད་ ཁྲོམ་རྙིངམ་ལས་ བཀྲིས་གཡང་རྩེ་ཁྲོམ་གསརཔ་མཐུད་སྦྲེལ་འབད་ས་ཚུན་ རྩི་ནག་གཏང་པ་ཅིན་ ཚོང་འབྲེལ་ལུ་ཡང་ ཐོ་མི་ཕོག་ནི་མས་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ འཕྲལ་མགྱོགས་ར་ ས་གནས་ཀྱི་མི་ཚུ་གིས་ ཁྲོམ་གསརཔ་གི་ས་ཁོངས་ནང་ ནམ་སྤོ་ནི་ཨིན་ན་ མི་སེར་ཚུ་དང་ གྲོས་བསྟུན་འབད་ནི་ཨིན་པས།

ད་རེས་ ཁྲོམ་རྙིངམ་ནང་ ཚོང་པ་༣༠ དེ་ཅིག་ཡོདཔ་ད་ ཁྲོམ་དེ་ བཀྲིས་སྒང་ལས་ བཀྲིས་གཡང་རྩེ་ཁ་ཐུག་ ཀི་ལོ་མི་ཊར་༢༧ དེ་ཅིག་གི་ ས་ཁར་ཆགས་ཡོདཔ་ད་ རྒེད་འོག་༦ གི་མི་སེར་ཚུ་ ཚོང་འབྲེལ་འཐབ་པའི་ ས་ཁོངས་ཅིག་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *