༉ པདྨ་དགའ་ཚལ་ ཁྱད་རི་དགོན་པ་ལུ་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་གྱིས་ ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་དེ་ ལོ་ངོ་བཅུ་ཕྲག་ལྷག་སོ་རུང་ ས་སྣུམ་བླུག་ནིའི་ འཕྲུལ་ཆས་བཙུགས་མ་ཚུགས་པར་ཡོདཔ་ད་ ཨིན་རུང་ ད་རེས་ བཀྲམ་སྤེལ་ཁང་གསརཔ་དེ་ བདེན་མཆིས་ལུ་ སྤོ་བཤུད་འབད་ནི་སྦེ་ ཡོདཔ་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱད་རི་དགོན་པའི་ བཀྲམ་སྤེལ་ཁང་ནང་ ས་སྣུམ་བླུག་ནིའི་ འཕྲུལ་ཆས་མ་བཙུགསཔ་ལས་ གྱིབ་ཧོད་ནང་ ས་སྣུམ་གསོག་འཇོག་འབད་ཞིནམ་ལས་ བཙོང་དོ་ཡོད་རུང་ གོང་ཚད་དེ་ བཀྲམ་སྤེལ་ཁང་གཞན་ཚུ་ནང་བཟུམ་སྦེ་ར་ ཨིནམ་མ་ཚད་ མེ་རླུང་རྒྱ་རྫིའི་ མཐུན་རྐྱེན་ཡང་ ཡོད་ཟེར་ཨིན་པས།
དེད་གཡོགཔ་པདྨ་ཚེ་རིང་དང་ ཆ་རོགས་ཚུ་གིས་ སླབ་མིའི་ནང་ ས་སྣུམ་བཀྲམ་སྤེལ་ཁང་དེ་ནང་ ས་སྣུམ་མ་འཐོབ་མི་དང་ གོང་ཚད་མཐོ་བའི་ དཀའ་ངལ་མེད་རུང་ འཕྲུལ་ཆས་དེ་ར་ བཙུགས་ཚུགས་པ་ཅིན་ མགྱོགས་པར་སྦེ་ བླུག་ཚུགས་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་གྱི་ ཤར་ཕྱོགས་ལུང་ཕྱོགས་འཛིན་སྐྱོང་པ་ དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ཁྱད་རི་དགོན་པ་ལུ་ཡོད་པའི་ ས་སྣུམ་བཀྲམ་སྤེལ་ཁང་དེ་ སྤྱི་ལོ་༢༠༠༦ ལུ་ གཞི་བཙུགས་འབད་ཡོད་རུང་ འཕྲུལ་ཆས་མ་བཙུགས་མི་དེ་ བཀྲམ་སྤེལ་ཁང་གཞན་ཁར་ སྤོ་བཤུད་འབད་ནིའི་དོན་ལུ་ ཨིན་རུང་ ས་ཁོངས་ཏན་ཏན་ཅིག་སྦེ་ འཐོབ་མ་ཚུགསཔ་ལས་ སྤོ་བཤུད་འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ རྫོང་ཁག་གིས་ ས་ཁོངས་གསརཔ་དེ་ བདེན་མཆིས་ལུ་ བྱིན་ནི་སྦེ་ སླབ་མི་ལུ་བརྟེན་ བཀྲམ་སྤེལ་གཞི་བཙུགས་ཀྱི་ལཱ་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིནམ་ལས་ དེ་གི་དོན་ལུ་ ས་ཁོངས་ཞིབ་དཔྱད་ཀྱི་ ལཱ་ཚུ་ཡང་ འབད་ཚར་ཡོདཔ་མ་ཚད་ ཅ་ཆས་ཚུ་ག་ར་ མཁོ་སྒྲུབ་འབད་དེ་ ཡོད་ཟེར་ཨིན་པས།
ཁ་ཙ་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ པདྨ་དགའ་ཚལ་བདེན་མཆིས་ རྫོང་གསར་བཞེངས་ས་དང་ ས་གཏེར་ས་ཁོངས་ནང་ གཞུང་འབྲེལ་གཟིགས་སྐོར་བྱོན་པའི་སྐབས་ མར་ཁུ་བཀྲམ་སྤེལ་ཁང་གི་ལཱ་ཚུ་ ཟླཝ་འདི་ནང་དང་ ཡང་ཅིན་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་ཚུགས་པ་ཅིན་ཟེར་ གསུངས་ཡི།
དེ་བཟུམ་སྦེ་ པདྨ་དགའ་ཚལ་རྫོང་བདག་ ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འཕྲལ་འཕྲལ་མར་ཁུ་མེད་པའི་སྐབས་ ངང་ལམ་དང་བསམ་གྲུབ་ལྗོངས་མཁར་ དེ་ལས་ ཝམ་རོང་ཚུ་ནང་ འགྱོ་དགོ་པའི་ དཀའ་ངལ་ཡོད་པའི་ རྫོང་ཁག་ཅིག་འབདཝ་ལས་ གཙོ་རིམ་བཟུང་པ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིནམ་ད་ དེ་ལུ་ རྫོང་ཁག་གིས་ ས་ཁོངས་ཀྱི་ རྒྱབ་སྐྱོར་ཚུ་ གང་དྲག་འབད་འོང་ཟེར་ཨིན་པས།
དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ཀྱི་ ས་ཁོངས་གསརཔ་དེ་ ཌེ་སི་མཱལ་༦༥ དེ་ཅིག་ཡོདཔ་ད་ ས་སྣུམ་བཀྲམ་སྤེལ་ཁང་དེ་ནང་ མེ་རླུང་གེསི་གི་ ཞབས་ཏོག་ཚུ་ཡང་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ བཀྲམ་སྤེལ་ཁང་དེ་ དུས་ཅི་ སྤྱི་ཟླ་༡༢ པ་དེ་ཅིག་ལས་ ས་སྣུམ་བླུག་ཚུགསཔ་སྦེ་ བཟོ་ནི་ཟེར་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ནང་ འབྲུག་ས་སྣུམ་བཀྲམ་སྤེལ་ཁང་ལས་འཛིན་གྱི་ ས་སྣུམ་བཀྲམ་སྤེལ་ཁང་༡༢ ཡོདཔ་ ཨིན་པའི་གནས་ཚུལ།
པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།