༉ སྐྱེས་ལོ་༨༡ ལང་མི་ བློ་བཟང་དང་བཟའ་ཚང་ཚུ་གིས་ དྲོ་པར་ཧ་སག་ལས་ ཁྱིམ་ནང་གི་ ལཱ་ཚུ་འབད་ཚར་ཞིནམ་ལས་ ཁོང་ར་དགའ་མི་ གོ་ལ་གྱོན་ཏེ་ ལོ་ངོ་༤༣༠ ལྷག་ཙམ་སོང་མི་ ཡོན་ཕུ་ཚེས་བཅུ་ མཇལ་བར་འགྱོཝ་ཨིན་པས།
ཚེས་བཅུ་དེ་ བཀང་ལུང་རྒེད་འོག་ནང་རྐྱངམ་གཅིག་མེན་པར་ ཤར་ཕྱོགས་རྫོང་ཁག་ག་རའི་ནང་ ཡོངས་གྲགས་ཅན་དང་ པད་གླིང་གི་ ཚེས་བཅུ་བྱིན་ཅན་ཨིན་པའི་ ཡིད་ཆེས་བསྐྱེདཔ་ཨིན་པས།
ཚེས་བཅུ་གི་མིང་ ཁོ་ལོང་ཚེས་བཅུ་ཟེར་ ཡོངས་གྲགས་ཐལ་ཡོདཔ་ད་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ཚང་ལ་ཀ་ནང་ ཁོ་ལོང་ཚེས་བཅུ་ཟེར་ དར་ཁྱབ་སོང་མི་དེ་ ཧེ་མ་ ཡོན་ཕུ་ལའི་དམག་མི་དང་ ས་གནས་ཀྱི་རེ་གཉིས་ ཆང་བགྲང་སྟེ་ འཐབ་འཛིང་འབད་བའི་ཤུལ་ལུ་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
འཐབ་འཛིང་བྱུང་པའི་ཤུལ་ལུ་ ཚེས་བཅུའི་མིང་ ཁོ་ལོང་ཚེས་བཅུ་ཟེར་ དར་ཁྱབ་སོང་ཡོད་མི་དེ་ སྐྱེས་ལོ་༦༢ ལང་མི་ ཚེ་དབང་ལྷ་མོ་གིས་ཡང་ ངོས་ལེན་འབད་མི་དེ་ཡང་ མོ་གིས་ འཐབ་འཛིང་འབད་སར་ མཐོང་མི་ལུ་བརྟེན་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚེས་བཅུའི་མིང་ ཡོན་ཕུ་ཚེས་བཅུ་ཟེར་ སླབ་ཨིན་རུང་ ཁོ་ལོང་ཚེས་བཅུ་ཟེར་ བཏགས་མི་དེ་ མ་རུངསམ་ཅིག་ཨིནམ་ལས་ དེ་གིས་ གཞན་མི་ཚུ་གིས་ གོ་དོན་ཕྱི་འགྱུར་སྦེ་ ལེན་དོ་ཡོདཔ་ལས་ མིང་ཡོན་ཕུ་ཚེས་བཅུ་འབད་ར་ བཞག་དགོཔ་འདུག་ཟེར་ཨིན་པས།
ཚེས་བཅུ་མ་ཆད་པར་ མཇལ་བར་འོང་མི་ བློ་བཟང་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ཚེས་བཅུའི་མིང་ ཁོ་ལོང་ཚེས་བཅུ་ཟེར་ སླབ་མ་ཆོགཔ་སྦེ་བཟོ་སྟེ་ཡོད་ཟེར་ཨིན་པས།ཤེས་རབ་རྩེ་ལས་མཐར་འཁྱོལ་མི་ ཨ་ལོ་༣ གྱི་ ཨ་པ་གིས་ཡང་ འཐབ་འཛིང་འབད་མི་དེ་ དངོས་སུ་མཐོང་ཡོདཔ་བཞིན་དུ་ དེ་བསྒང་ བཀང་ལུང་རྒེད་འོག་ནང་ མི་སྡེ་ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་མེདཔ་ལས་ འཐབ་འཛིང་འབད་འབདཝ་ འོང་ནི་མས་ཟེར་ བཤདཔ་ཨིན་པས།
རྒས་ཤོས་མང་ཤོས་ཀྱིས་ སླབ་མིའི་ནང་ ཚེས་བཅུའི་མིང་དེ་སྦེ་ དར་ཁྱབ་སོང་མི་ལུ་ བློ་ཕམ་ཡོད་ཟེར་ཨིན་པས།
ཡོན་ཕུལ་ཚེས་བཅུའི་ལོ་རྒྱུས།
ཚེས་བཅུའི་མིང་དེ་ ཡོན་ཕུ་ཚེས་བཅུ་ཟེར་ སླབ་མི་དེ་ཡང་ ཡོན་ཕུལ་ཨྱོན་ཆོས་གླིང་མགོན་པའི་མིང་གི་ རྟ་དྲངས་ཏེ་ ཡོན་ཕུལ་ཚེས་བཅུ་ཟེར་ བཏགས་ཡོདཔ་ཨིན་པས།
སྐྱེས་ལོ་༨༣ ལང་མི་ འཆམ་དཔོན་བགྲེསཔ་ མཆོད་རྟེན་དབང་ཕྱུག་དང་འཁྲིལ་བ་ཅིན་ གཏེར་སྟོན་པདྨ་གླིང་པའི་སྲས་ གསང་བདག་དེ་ ས་གནས་གཞན་ཁ་ལས་ ཡོན་ཕུ་གི་ ས་གནས་ནང་ཕེབས་པའི་སྐབས་ ས་གནས་ཀྱི་ མི་སེར་ཚུ་ལུ་ རིན་གོང་ཆེ་བའི་ ཅ་ལ་མེད་པར་ གསང་བདག་མཆོག་ལུ་ མི་སྡེའི་ས་ཞིང་ཡོན་སྦེ་ ཕུལ་བའི་ཤུལ་ལུ་ ས་གནས་ཀྱི་མིང་ ཡོན་ཕུལ་ཟེར་ བཏགས་ནུག་ཟེར་ཨིན་པས།
གསང་བདག་མཆོག་གིས་འབད་རུང་ ས་གནས་ནང་ མགོན་པ་ཅིག་བཞེངས་ནིའི་ ཐུགས་བཞེད་གནང་སྟེ་ ས་བསླང་ནིའི་ དཔའ་བཅམ་པའི་སྐབས་ འདྲེ་སྡུག་ཅན་དང་མི་མ་ཡིན་ཚུ་གིས་ བར་ཆད་རྐྱབ་པའི་སྐབས་ བླམ་དེ་གིས་ ཧོམ་འཆམ་ཟེར་ འཆམ་སྒྱེན་མོ་སྦེ་རྐྱབ་སྟེ་ མི་མ་ཡིན་ཚུ་ སེམས་ཡེངས་བཅུག་ནུག་ཟེར་ཨིནམ་ད་ དེ་བསྒང་ བླམ་གིས་ ཕག་གདོང་གཉིས་ལུ་སྤྲུལ་ཏེ་ ས་བསླང་ཐོག་ལས་ ལྷ་ཁང་གི་ གཞི་འགྱམ་བཙུགས་མི་ལུ་བརྟེན་ བར་ཆད་ག་ནི་ཡང་མེད་པར་ ལྷ་ཁང་བཞེངས་ནུག་ཟེར་ བླམ་ཚུ་གིས་ ངག་རྒྱུན་སྦེ་ ཁོང་ལུ་བཤད་དེས་ཟེར་ མཆོད་རྟེན་དབང་ཕྱུག་གིས་ བཤད་པའི་ཁར་ ཚེས་བཅུའི་མིང་ཡང་ ཡོན་ཕུལ་ཚེས་བཅུ་ཟེར་ བཏགས་ནུག་ཟེར་ཨིན་པས།
ཚེས་བཅུའི་ཉིནམ་དང་པའི་ནང་ ཧོམ་འཆམ་/སྐྱེངས་འཆམ་ཟེར་ བདུད་བཏུལ་བའི་ཚུལ་ལུ་ ལག་པར་ ཕོ་མཚན་བསྣམས་ཏེ་ རྐྱབ་དོ་ཡོདཔ་ད་ དེ་གི་ཤུལ་ལས་ར་ ས་བདུལ་ཕག་འཆམ་ཟེར་ ས་བསླང་བའི་ཚུལ་ལུ་ གར་འཆམ་གནང་སྲོལ་འདུག།
ཚེས་བཅུ་དེ་ ཟླཝ་༥ པའི་སྐབས་ སྤྲེལ་ཟླ་ཚེས་བཅུ་དང་ ཟླཝ་བརྒྱད་པའི་ནང་ ཨང་རྒས་དང་ཨ་རྒས་ཀྱི་ཚེས་བཅུ་ དེ་ལས་ ལོ་བསྟར་གྱི་ ཡོན་ཕུལ་ཚེས་ཟེར་ ལོ་༡ ནང་ ཚར་༣ བརྩི་སྲུང་འབདཝ་ཨིན་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། བཀང་ལུང་།