༉ གཞལམ་སྒང་ ནང་སྐོར་རྒེད་འོག་ ཁེངས་བུ་ལི་ལུ་ རང་ཟླ་༥ པའི་ཚེས་༡༥ ལུ་ གཡུས་སྒོའི་ལོ་བསྟར་གྱི་དུས་མཆོད་ ཤུ་སྦང་ལ་གསོལ་མཆོད་ཕུལཝ་དང་འབྲེལ་ གཡུས་ཚན་འདི་ནང་ ས་གནས་དག་འཕེལ་ལས་ བུ་ལི་ཚུན་ ཀི་ལོ་མི་ཊར་༣༦.༦༠ འབད་མི་ འཁོར་ལམ་རྩི་ནག་བཏང་ཚར་བའི་ འགོ་འབྱེད་རྟེན་འབྲེལ་དེ་ མི་སེར་ཚུ་གིས་ དགའ་སྤྲོ་ཚད་མེད་ཀྱི་སྒོ་ལས་ བརྩི་སྲུང་འབད་ཡི་ཟེར་ཞུ་ནི།
དེ་ཡང་ དག་འཕེལ་ལས་ བུ་ལི་ཚུན་ཚོད་ སྣུམ་འཁོར་ལམ་བཏོན་ཏེ་ ལོ་ངོ་མང་རབས་ཅིག་སོང་ཡོད་རུང་ སྤྱིར་བཏང་རྒྱུན་འགྲུལ་འཐབ་ནིའི་ནང་ མི་སེར་ཚུ་ལུ་ ཕན་ཐབས་སྦོམ་བྱུང་ཡོད་རུང་ ལམ་ལེགས་ཤོམ་མེདཔ་ལས་ གློ་བུར་གྱི་ ནདཔ་ཚབས་ཆེན་སྐྱེལ་འདྲེན་འབད་བའི་སྐབས་ སྨན་ཁང་ནང་ ལྷོད་ཚུགས་ཚུགས་ལུ་ དུས་ཡུན་ལེ་ཤ་ འགོར་མི་ལུ་བརྟེན་ ནདཔ་ལུ་བྱ་སྟབས་མ་བདེ་བའི་ དཀའ་ངལ་ཚུ་ བྱུང་སྟེ་ཡོད།
ད་རེས་ ང་བཅས་ཀྱི་ འཁོར་ལམ་གུ་ རྩི་ནག་བཏང་མི་དེ་གིས་ ད་ཚུན་གྱི་བར་ན་བྱུང་མི་ དཀའ་ངལ་ཚུ་ སེལཝ་མ་ཚད་ མི་སེར་ཚུ་ལུ་ སྔར་བ་ལྷགཔ་སྦེ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་བསྐྱེད་དེ་ཡོད་ཟེར་ཞུ་ནི།
དེ་མ་ཚད་ གཞུང་གིས་ མི་སེར་ཚུ་གི་ མཐའ་དོན་ལུ་བལྟ་སྟེ་ ལས་སྣ་གཙོ་རིམ་བསྒྲིགས་ཐོག་ལས་ དཔལ་འབྱོར་གོང་འཕེལ་དང་ཚོང་ལམ་མཐུན་འབྲེལ་ མི་སྡེ་དཔལ་འབྱོར་ཡར་རྒྱས་གཏང་ཐབས་ལུ་ འཆར་གཞི་ལས་རིམ་འདྲ་མིན་སྣ་ཚོགས་བརྩམས་ཏེ་ བསྟར་སྤྱོད་འབད་མིའི་ནང་ལས་ རྒེད་འོག་དང་རྒེད་འོག་ གཡུས་ཚན་དང་གཡུས་ཚན་གྱི་བར་ན་ མཐུད་སྦྲེལ་འབད་ཐབས་ལུ་ ལམ་སེལ་ནི་དེ་ གཙོ་རིམ་བཟུང་གནང་མི་ལུ་ མི་སེར་ཡོངས་ཀྱི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཞུ་ནི།
དེ་གི་ནང་ལས་ དམིགས་བསལ་དུ་ ལམ་ལེགས་བཅོས་ཀྱི་ ཁག་འབག་གི་ ལཱ་འབད་མི་ སེངྒེ་བཟོ་སྐྲུན་ཚོང་སྡེ་དང་ ལམ་སེལ་སྐབས་ ལྟ་རྟོག་འབད་མི་ ལམ་སེལ་ལས་ཁུངས་གཉིས་ལུ་ཡང་ འཁོར་ལམ་རྩི་ནག་གཏང་ནིའི་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་མི་ལུ་ཡང་ ཡིད་ཆེས་ངལ་རངས་སྦོམ་ཡོད་ཟེར་ཞུ་ནི།
དེ་བཟུམ་སྦེ་ བུ་ལི་ལས་ ཉིམ་ཞོང་ཚུན་ འཁོར་ལམ་གུ་ རྩི་ནག་གཏང་པའི་སྐབས་ལུ་ཡང་ འབྲེལ་ཡོད་ཁག་འབགཔ་ལས་སྡེ་གིས་ འགན་འཁྲི་ཚུལ་བཞིན་དུ་འབག་སྟེ་ བར་ཆད་ག་ནི་ཡང་མེད་པར་ ལཱ་ལེགས་ཤོམ་འབད་མི་དང་ དུས་ཚོད་ཁར་ མཇུག་བསྡུ་འོང་མནོ་བའི་ རེ་བ་བསྐྱེདཔ་བཞིན་དུ་ འཁོར་ལམ་དེ་གིས་ ཤིང་མཁར་དང་ བར་དོ་རྒེད་འོག་༢ ཀྱི་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཞུ་ནི།
ལྷག་པར་དུ་ ང་བཅས་མི་སེར་ཡོངས་ལུ་ སྐྱིད་སྡུག་གཟིགས་གནང་མི་ འབྲུག་རྒྱལ་ཁབ་ཀྱི་ དབུ་ཁྲི་དམ་པ་ མི་དབང་ཡབ་མེས་སྲས་གསུམ་དང་ སྐུ་འཁོར་ལྷན་རྒྱས་ གཞུང་སྐྱོང་ལྷན་སྡེ་ནང་ ཕྱག་ལཱ་གནང་མི་ ག་ར་ལུ་ ཧིང་དྭངས་མའི་དཀྱིལ་ལས་ར་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ ཞུ་ནི་ཨིན།
ཕུན་ཚོགས་དོན་གྲུབ།
ཁེངས་བུ་ལི། གཞལམ་སྒང་རྗོང་ཁག།