ཁས་བླངས་པ་ཚུ་གིས་ བཟོ་སྐྲུན་འབད་མི་ ལྕགས་ཟམ།

ཁས་བླངས་པ་༥༢ གིས་ ཉིན་གྲངས་༩ ནང་ ལྕགས་ཟམ་ཅིག་ བཟོ་སྐྲུན་འབད་ཡོདཔ།

༉ བདེ་སྲུངཔ་དང་ བསྟན་སྲུང་དམག་མི་ དེ་ལས་ ལམ་སེལ་ལས་ ཁུངས་ལས་ བཟོ་རིག་འགོ་དཔོན་བརྩིས་ཏེ་ མི་གྲངས་༥༢ ཀྱིས་ ཉིན་གྲངས་༩ གི་ནང་འཁོད་ལུ་ གསར་སྤང་ ཆུ་འཛོམས་རྒེད་འོག་ མའུ་མཁོ་ལ་གུ་ལས་ ཕིཊ་༡༥༠ འབད་མི་ ལྕགས་ཟམ་ཅིག་ བཟོ་སྐྲུན་འབད་ནུག།
ཁག་འབག་གིས་ ཟམ་གྱི་ཕྱོགས་གཅིག་ཁ་ཐུག་ལས་ ཟམ་གྱི་ གཞི་རྟེན་ལཱ་ཚུ་འབད་ཡོདཔ་ད་ ཁས་བླངས་པ་ཚུ་གིས་ ལྕགས་ཀྱི་ ཡན་ལག་ཟམ་ཅིག་རྐྱབ་ཅི་ཟེར་ གསར་སྤང་རྫོང་ཁག་གི་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ བཤད་ཡོདཔ་ཨིན་པས།
ཟམ་བཟོ་སྐྲུན་དེ་ཡང་ ལཱ་གི་ སྦྱོང་བརྡར་ཆ་ཤས་ཅིག་ཨིནམ་ད་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་འབད་བ་ཅིན་ ད་རེས་ ཁས་བླངས་པ་ཚུ་ལུ་ སྦྱོང་བརྡར་བྱིན་མི་དེ་ཡང་ མ་འོངས་པ་ལུ་ རང་བཞིན་གྱི་ རྐྱེན་ངན་རེ་ འབྱུང་པ་ཅིན་ རྒྱབ་སྐྱོར་འབད་ནི་ལུ་ གྲ་སྒྲིག་བཟུམ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ རང་བཞིན་གྱི་ རྐྱེན་ངན་ཚུ་འབྱུང་བའི་སྐབས་ ཟམ་རེ་རྐྱབ་དགོཔ་འཐོན་པ་ཅིན་ སྦྱོང་བརྡར་མེད་མི་ལུ་བརྟེན་ དེ་འཕྲོ་ལས་ འོང་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་བཞིན་དུ་ ད་རེས་ ཁས་བླངས་པ་ཚུ་ལུ་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ལས་ ཁོང་གིས་ ནམ་ར་འབད་རུང་ འོང་ཚུགས་ཟེར་ཨིན་པས།
ཤུལ་མའི་ཟླཝ་ནང་ལས་རྐྱངམ་གཅིག་ ཟམ་གུ་ལས་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགས་ནི་ཨིནམ་ད་ དེ་ཡང་ ཟམ་རྐྱབ་ནིའི་ལཱ་ ལྷག་ལུས་ཚུ་ མཇུག་བསྡུ་ནི་ལུ་ ཟླཝ་༡ དེ་ཅིག་ འགོར་ནི་ཨིན་མི་ལུ་བརྟེན་ཨིན་པས།
ཆུ་འཛོམས་རྒཔོ་ བིཤ་ནུ་པར་སཱཌ་ རའི་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་སྐབས་ མའུ་མཁོ་ལ་གཙང་ཆུ་དེ་ སྦོམ་ཐལ་མི་ལུ་བརྟེན་ སྣུམ་འཁོར་ཚུ་གིས་ གཙང་ཆུ་བརྒལ་མ་ཚུགས་པའི་ཁར་ སྣུམ་འཁོར་མང་ཤོས་ཅིག་ མེདཔ་བཏང་དོ་ཡོདཔ་ཨིན་པས།
ཟམ་དེ་ཡང་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་གནས་ཁར་ བཟོ་སྐྲུན་འབད་དེ་ཡོདཔ་བཞིན་དུ་ དེ་གིས་ ཁྱིམ་གུང་༡༥༤ དེ་ཅིག་དང་ མཐུད་སྦྲེལ་འབད་ཚུགས་ནི་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་ དངུལ་ཐོག་ཨ་ལཱན་ཅི་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ ཟམ་དེ་རྐྱབ་ཚར་བའི་བསྒང་ལས་ ཐོན་སྐྱེད་ཚུ་ སྐྱེལ་འདྲེན་འབད་ཚུགས་ནི་ཨིནམ་ད་ ད་རེས་ནངས་པར་ མི་སེར་ཚུ་གིས་ ཚོད་བསྲེའི་ལཱ་ཚུ་ཡང་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།
རྒེད་འོག་དེ་ནང་ སོ་ནམ་ཞིང་ལམ་དེ་ ལོ་༡ གི་ཧེ་མར་ བསལ་ཡོད་རུང་ གཙང་ཆུའི་གུ་ལས་ ཟམ་མེད་མི་ལུ་བརྟེན་ ཞིང་ལམ་དེ་ དེ་ཅིག་ར་ ལག་ལེན་འཐབ་མི་མེད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཟམ་དེ་གིས་ རྒེད་འོག་༨ ཀྱིས་མ་དོ་བར་ མ་འོངས་པ་ལུ་ འཇིགས་མེད་ཆོས་གླིང་རྒེད་འོག་ རི་སྟོད་དང་ གོང་སི་ཁ་ དེ་ལས་ ཀྲོང་གསར་ ན་སྦྱིས་སྐོར་ཕུག་རྒེད་འོག་གི་ མི་སེར་ཚུ་ལུ་ཡང་ ཕན་སྦོམ་སྦེ་ར་ བྱུང་ཚུགས་ཟེར་ཨིནམ་ད་ ད་རེས་ རྒེད་འོག་དེའི་མི་སེར་ཚུ་ ཆུ་འཛོམས་རྒེད་འོག་རྒྱུད་དེ་ དགེ་ལེགས་ཕུག་ལུ་ འགྱོ་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *