༉ བཀྲིས་གཡང་རྩེ་ལུ་འགྱོ་སའི་ གཞུང་ལམ་ལས་ རྐང་སྟོང་འབད་འགྱོཝ་ད་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་ས་ཁར་ཆགས་ཡོད་པའི་ ཤར་གླིང་དེ་ འབྲུ་སྣ་དགུ་འཚོ་སའི་ གཡུས་ཚན་ཅིག་ཨིནམ་མ་ཚད་ དེ་ནང་སྡོད་མི་ ཁྱིམ་གུང་པ་༡༧༠ དེ་ཅིག་ལས་ མང་ཤོས་ཅིག་གིས་ འཚོ་བ་འབྱ་དང་ སྒོ་ནོར་ལུ་བརྟེན་སྡོད་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ དཀའ་ངལ་ཆེ་ཤོས་ར་ འཐུང་ཆུ་མེད་པའི་དཀའ་ངལ་ཨིནམ་བཞིན་དུ་ ས་གནས་ཀྱི་མི་ཚུ་ འཐུང་ཆུ་མེད་པར་ ལོ་བཅུ་ཕྲག་ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།
སྐྱེས་ལོ་༧༠ ལང་མི་ གླེ་མོ་གིས་སླབ་མི་དང་འཁྲིལ་བ་ཅིན་ ཤར་གླིང་གཡུས་མཚན་ནང་ མོ་ར་ཆུང་ཀུ་ཅིག་སྦེ་ སྡོད་པའི་བསྒང་ལས་ར་ འཐུང་ཆུ་མ་ལང་པའི་དཀའ་ངལ་འདུག་ཟེར་ཨིནམ་ད་ ཤར་གླིང་གཡུས་ཚན་གྱི་ མི་སེར་ཚུ་གིས་ གཡུས་ཚན་གྱི་ སྦོ་ལོགས་ཁར་ལས་བབས་མི་ གཙང་ཆུ་༣ དེ་ཅིག་ལུ་བརྟེན་ཏེ་ སྡོད་དོ་ཡོད་རུང་ ད་རེས་ནངས་པར་ སྐམ་སྟེ་ཡོད་ཟེར་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ཨིན་མི་ བདེ་ཆེན་མཚོ་མོ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆར་ཆུ་ལུ་བརྟེན་ཏེ་ འཐུང་ཆུའི་མ་ལང་པའི་ དཀའ་ངལ་མེད་དེ་འབད་རུང་ གནམ་དགུན་གྱི་དུས་སུ་ གཙང་ཆུ་སྐམ་འགྱོཝ་ལས་ མི་སེར་ཚུ་ འཐུང་ཆུ་མེད་པར་ བདུན་ཕྲག་ལས་བཅད་དེ་ སྡོད་དགོཔ་བྱུངམ་མས་ཟེར་ཨིནམ་ད་ ས་གནས་གཞན་ཁར་ལས་ ཆུ་འཐེན་པའི་བསྒང་ལས་ གཡུས་ཚན་གཞན་གྱི་མི་སེར་ཚུ་ལས་ གནང་བ་ལེན་དགོཔ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
ས་གནས་དེ་ཁར་སྡོད་མི་ སྐྱེས་ལོ་༦༡ ལང་མི་ ཀོ་ཏ་གིས་ སླབ་མིའི་ནང་ ཤར་གླིང་གཡུས་ཚན་ནང་ ཆུ་རྐ་སྦོམ་ཅིག་ ག་ཏེ་ཡང་མེདཔ་ལས་ ཀི་ལོ་མི་ཊར་༡༣ གྱི་ས་གནས་ བུ་གཡང་ལུ་ཡོད་པའི་གཙང་ཆུ་དེ་ འཐེན་ནི་རྐྱངམ་གཅིག་མ་གཏོགས་ ཐབས་ཤེས་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ ཚེ་རིང་གིས་འབད་རུང་ དཀའ་ངལ་དེ་ ཅོག་འཐདཔ་སྦེ་ར་ བཤད་པའི་ཁར་ འཕྲལ་འཕྲལ་ ཚལ་མ་ནང་ ཆུ་འཛགས་འགྱོ་བའི་ཁར་ ཆུ་དུང་མེདཔ་ཐལཝ་ད་ བཅོ་ཁ་རྐྱབ་ཚུགས་པར་ ལཱ་ཁག་འདུག་ཟེར་བཤད་པའི་ཁར་ ཆུ་དུང་བཅོ་ཚུགས་རུང་ ཉིནམ་༥ ལས་༦ གི་བར་ན་ དུས་ཚོད་འགོརཝ་མས་ཟེར་ཨིནམ་ད་ ཆུ་རྐ་ལུ་ལྷོད་ལྷོད་ ཆུ་ཚོད་༣ དེ་ཅིག་ རྐང་སྟོང་སྦེ་ འགྱོ་དགོ་ཟེར་ཨིན་པས།
སྐྱེས་ལོ་༧༣ ལང་མི་ ཨ་རྒས་ཀུན་བཟང་གིས་ སླབ་མིའི་ནང་ ཆུ་མེད་པའི་བསྒང་ལས་ ཁྱིམ་ནང་གཙང་སྦྲ་བཏོན་ཚུགས་པར་ ལཱ་ཁག་འདུག་ཟེར་ བཤད་པའི་ཁར་ འཐུང་ཆུ་ཡང་ གཡུས་ཚན་གྱི་སྦོ་ལོགས་ཁར་ཡོད་པའི་ གཙང་ཆུ་འཐེན་མི་དེ་ལས་ ཆུ་བསགས་བཞག་སྟེ་ འཐུང་དོ་ཟེར་ཨིནམ་ད་ གཞུང་གསརཔ་གིས་ མ་དངུལ་གྱི་རྒྱབ་སྐྱོར་གནང་པ་ཅིན་ མི་སེར་ཚུ་གིས་ སྦུང་བཏོན་ཏེ་ འཐུང་ཆུའི་དཀའ་ངལ་བསལ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ཁམས་དྭངས་རྒཔོ་ ནོར་བུ་གིས་ སླབ་མིའི་ནང་ འཐུང་ཆུའི་དཀའ་ངལ་དེ་ ཤར་གླིང་སྤྱི་འོག་ནང་རྐྱངམ་གཅིག་མེན་པར་ ཁམས་དྭངས་རྒེད་འོག་གི་ སྤྱི་འོག་མང་ཤོས་ཅིག་ནང་ དཀའ་ངལ་ཡོད་ཟེར་ཨིནམ་ད་ དུས་ཡུན་ཆུ་ཚོད་༢༤ གི་རིང་ འཐུང་ཆུ་བཀྲམ་སྤེལ་འབད་ཚུགས་མི་ ས་གནས་ག་ཏེ་ཡང་མེདཔ་མ་ཚད་ ཁམས་དྭངས་ཀྱི་མི་སེར་མང་ཤོས་ཅིག་ བུ་གཡང་གཙང་ཆུ་ལུ་བརྟེན་ཏེ་ སྡོད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བུ་གཡང་གཙང་ཆུ་དེ་ འཐེན་ནི་ལཱ་འབད་ཚར་ཏེ་ ཆུ་དེ་ ས་གནས་གསེར་སྤང་ལུ་ལྷོད་དེ་ཡོདཔ་ལས་ ཆུ་དུང་མ་ལང་པའི་ དཀའ་ངལ་མ་གཏོགས་ ཆུ་བགོ་བཀྲམ་འབད་ཆོག་ཆོ་ཡོད་ཟེར་ བཤད་པའི་ཁར་ གཞུང་གསརཔ་བཙག་འཐུ་གྲུབ་ཚར་ནི་དེ་གིས་ གཞུང་གི་ཁ་ཐུག་ལས་ ཆུ་དུང་མཁོ་སྒྲུབ་འབད་ནིའི་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ གང་མགྱོགས་གནང་པ་ཅིན་ མི་སེར་གྱི་ དཀའ་ངལ་མགྱོགས་སུ་ཅིག་སྦེ་ བསལ་ཚུགས་ནི་མས་ཟེར་ཨིན་པས།
ཤར་གླིང་སློབ་གྲྭའི་ཆུང་བའི་ སློབ་དཔོན་དང་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ སློབ་གྲྭའི་ས་ཁོངས་ནང་ འཕྲལ་འཕྲལ་ འདམ་ཆུ་སྦེ་ འོང་པའི་དཀའ་ངལ་མ་གཏོགས་ འཐུང་ཆུའི་དཀའ་ངལ་དེ་ཅིག་ར་ མེད་ཟེར་ཨིནམ་ད་ སློབ་དཔོན་ཚུ་གིས་ གཡུས་ཚན་ལ་ལོ་ཅིག་ནང་ ཆུའི་དཀའ་ངལ་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ གཙང་སྦྲ་བཏོན་དགོ་པའི་ ཁ་བཀོད་བྱིན་དོ་ཡོདཔ་མ་ཚད་ སློབ་གྲྭའི་བདག་སྐྱོང་གི་ཁ་ཐུག་ལས་ཡང་ གཟའ་ཕུར་བུ་དང་ ཉི་མ་ལུ་ སློབ་གྲྭའི་སྒྲིག་གོ་འཁྱུ་ནིའི་དོན་ལུ་ སྒྲིག་གོ་གྱོན་མ་དགོཔ་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།
ཤར་གླིང་སྤམ་ལས་ སྐྱེས་ལོ་༤༠ ལང་མི་ མཚོ་རྒྱ་མོ་གིས་ སླབ་མིའི་ནང་ བུ་གཡང་གཙང་ཆུ་འཐེན་ནིའི་དོན་ལུ་ ཤར་གླིང་གཡུས་ཚན་གྱི་ མི་སེར་མང་ཤོས་ཅིག་གིས་ འུར་ལཱ་ཟླཝ་༡ དེ་ཅིག་འབད་རུང་ བུ་གཡང་འཐུང་ཆུ་དེ་ བདུན་ཕྲག་༡ ལས་བརྒལ་མ་ལྷོད་ཟེར་ཨིནམ་ད་ ལོག་སྟེ་ར་ ཁོང་རའི་གཡུས་ཁ་གི་གཙང་ཆུ་ ཆུང་ཀུ་ལུ་བརྟེན་ཏེ་ སྡོད་དགོཔ་ལས་ དེ་ཡང་སྐམ་སོ་ནི་དེ་གིས་ ལང་མི་ཚུགས་པས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཅིག་གིས་ སླབ་མིའི་ནང་ སྤྱི་འོག་ག་ར་ནང་ ཆུ་གཉེར་རེ་ བསྐོ་བཞག་འབད་ཡོད་པའི་ཁར་ ཁོང་ལུ་ འཐུས་བཟུམ་ཅིག་སྦེ་ ལོ་༡ ནང་ ཁྱིམ་གུང་པ་རེ་ལས་ དངུལ་ཀྲམ་༥༠༠ རེ་སྤྲོད་དོ་ཟེར་ཨིནམ་ད་ མ་འོངས་པ་ལུ འཐུང་ཆུ་དེ་མ་ལྷོད་པ་ཅིན་ འཐུས་ཡང་མི་སྤྲོད་ཟེར་ཨིན་པས།
ཤར་གླིང་སྤྱི་འོག་དེ་ ཁམས་དྭངས་རྒེད་འོག་གི་འོག་ལུ་ ཚུད་དོ་ཡོད་པའི་ཁར་ ཁམས་དྭངས་རྒེད་འོག་གི་ མི་སེར་མང་ཤོས་ཅིག་ འབྱ་ལཱ་འབད་བའི་སྐབས་ ཞིང་ཆུ་དེ་ ཀི་ལོ་མི་ཊར་༡༣ དེ་ཅིག་ལས་ འཐེན་འབག་མི་ བུ་གཡང་གཙང་ཆུ་དེ་ ལག་ལེན་འཐབ་དོ་ཡོད་པའི་གནས་ཚུལ།
ཤར་གླིང་ལས་ གནས་བརྟན་རྡོ་རྗེ།