ཁམས་དྭངས་ཀྱི་ སོ་ནམ་པ་ཚུ་ རེད་བརྡུང་པའི་བསྒང་།

ཁམས་དྭངས་རམ་འཇར་འདེམས་ཁོངས་ཀྱི་ མི་སེར་བརྒྱ་ཆ་༨༥ དེ་ཅིག་གིས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ ཐག་བཅད་ཡོདཔ།

༉ སྤྱི་ཚོགས་༣ པའི་ སྤྱིར་བཏང་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་ནིའི་ ཉིན་གྲངས་དག་པ་ཅིག་ལས་བརྒལ་མེད་མི་ལུ་རྟེན་ འདེམས་ངོ་ག་ར་ རང་སོའི་ཁས་བླངས་གསལ་བསྒྲགས་དེ་ མགྱོགས་སུ་ཅིག་སྦེ་ འབད་མི་དེ་གིས་ བཀྲིས་གཡང་རྩེ་རྫོང་ཁག་ནང་ བཙག་འཐུའི་གྲུབ་འབྲས་དེ་ སྤྲོ་བ་ཅན་ཅིག་འོང་ནི་ཨིནམ་མ་ཚད་ ཁམས་དྭངས་རྒེད་འོག་གི་ མི་སེར་ཚུ་གིས་ བརྒྱ་ཆ་༨༥ དེ་ཅིག་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ ཐག་བཅད་དེ་འདུག།

ཁམས་དྭངས་ལས་ཨིན་མི་ སྐྱེས་ལོ་༤༡ ལང་མི་ ཚོང་པ་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་༢ ཆ་ར་གི་ འདེམས་ངོ་དེ་ ལྕོགས་གྲུབ་ཅན་འདུག་ཟེར་ཨིནམ་ད་ ཁོང་༢ ལས་ ག་གིས་བཙག་འཐུ་འགྲུབ་རུང་ ཁོང་རའི་ངོ་ཚབ་ཨིནམ་ལས་ ཁམས་དྭངས་མི་སེར་ཚུ་གི་ ཆུ་གཡུར་བསལ་ཏེ་ ཞིང་ཆུའི་དཀའ་ངལ་བསལ་ནི་དང་ འཐུང་ཆུའི་དཀའ་ངལ་བསལ་འོང་ཟེར་བའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཞན་གྱི་ཐད་ཁར་ ཞུ་ནི་ག་ནི་ཡང་མེད་པའི་ཁར་ ཁོ་གིས་ འདེམས་ངོ་དེ་ དྲག་པའི་ནང་ལས་ དྲག་ཤོས་ཅིག་ གདམ་ཁ་རྐྱབ་དོ་ཟེར་ཨིནམ་ད་ ཁོང་གི་ཁས་བླངས་འབད་མི་ཚུ་ཡང་ འཕྲལ་དང་ཕུགས་ལུ་ ཕན་ཐོགས་ཡོད་མེད་ཡང་ བལྟ་དོ་ཟེར་ ཨིན་པས།

ཁམས་དྭངས་དང་ བཙན་མཁར་ལ་སྡོད་མི་ ལ་ལོ་ཅིག་གིས་ སླབ་མིའི་ནང་ འདེམས་ངོ་༢ ཆ་ར་ ལྕོགས་གྲུབ་དང་ཉམས་མྱོང་ཡོདཔ་ལས་ འདི་དྲག་པས་ཟེར་ ཙ་ལས་སླབ་མི་ཤེས་པས་ཟེར་ཨིནམ་ད་ ཨམ་སྲུ་རྒས་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གི་རྒེད་འོག་ནང་ལས་ ཐོན་མི་འདེམས་ངོ་དེ་ ལྕོགས་གྲུབ་དང་ ཉམ་ཆུང་ཅིག་འབདཝ་ལས་ ཁོ་དྲག་དོ་བཟུམ་ཅིག་མཐོང་ཡི་ཟེར་ཨིན་པས།

སྐྱེས་ལོ་༦༤ ལང་མི་ ཀུན་བཟང་དབང་མོ་གིས་ སླབ་མིའི་ནང་ འདེམས་ངོ་ལེགས་ཤོམ་གདམ་ཁ་རྐྱབ་དགོ་པ་ཅིན་ འདེམས་ངོ་ཚུ་གིས་ མི་མང་རྩོད་འགྲན་ནང་ བཅའ་མར་གཏོགས་ནི་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ མོ་གིས་ཧེ་མ་ སྲིད་ཚོགས་༤ གི་ གཙོ་འཛིན་གྱི་ཞལ་འཛོམས་དང་ ད་རེས་སྤྱིར་བཏང་བཙག་འཐུ་ནང་ སྲིད་ཚོགས་ཀྱི་གཙོ་འཛིན་༢ ཀྱིས་ ཁས་བླངས་འབད་བར་འོངམ་ད་ཡང་ བཅའ་མར་གཏོགས་ཅི་ཟེར་ ཨིན་པས།

སྐྱེས་ལོ་༤༠ ལང་མི་ ཨོ་རྒྱན་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་པ་༢ ལས་ ག་གིས་གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་རུང་ མི་སེར་དང་ ཁོ་རའི་རེ་བ་ཟེར་རུང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ འགོ་བཙུགས་ནི་དང་ མི་སེར་ཚུ་གིས་ དཀའ་ངལ་གཞན་བསལ་ནི་དེ་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ འདེམས་ཁོངས་༢ ཀྱི་སྦུག་ལུ་ཨིནམ་ལས་ ལས་འགུལ་མགྱོགས་སུ་ཅིག་སྦེ་ འགོ་བཙུགས་ཚུགས་པ་ཅིན་ བཀྲིས་གཡང་རྩེ་རྫོང་ཁག་གི་ མི་སེར་ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ དེ་ཡང་མི་སེར་ཚུ་གིས་ སོ་ནམ་ཐོན་སྐྱེད་ལུ་བརྟེན་ འོང་འབབ་བཟོ་ནི་དང་ མི་སྡེ་དང་ ན་གཞོན་ཚུ་གི་དོན་ལས་ ལཱ་གཡོག་གི་གོ་སྐབས་ཡང་ འོང་ནི་མས་ཟེར་ཨིན་པས།

དབྱར་རྩེ་ལས་ཨིན་མི་ སྐྱེས་ལོ་༤༠ ལང་མི་ དབང་གྲགས་ཀྱིས་ སླབ་མིའི་ནང་ ཚོགས་པའི་ ཁས་བླངས་གསལ་བསྒྲགས་དང་ གཙོ་འཛིན་༢ ཆ་ར་ ལྕོགས་གྲུབ་སྒྲིང་སྒྲི་ཡོདཔ་ལས་ འདེམས་ངོ་༢ ཀྱིས་ཡང་ ག་གིས་ཕན་ཐོགས་ཚུགས་ག་ སླབ་མི་ཚུགས་པས་ཟེར་ཨིནམ་ད་ མ་འོངས་པའི་ནང་ མི་སེར་ཚུ་ལུ་ ག་གིས་ཕྱག་ལེགས་ཤོམ་སྦེ་ཞུ་འོང་ག་ དེ་བསྒང་རྐྱངམ་གཅིག་ བློ་གཏད་ཚུགས་ནི་མས་ཟེར་ཨིན་པས།

ཁྱི་ནི་གཡུས་ཚན་ལས་ཨིན་མི་ སྐྱེས་ལོ་༣༥ ལང་མི་ ཨོ་རྒྱན་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུ་ནང་ མོ་རའི་ཚོང་ལཱ་ལུ་བརྟེན་ ཚོགས་རྒྱན་བཙུགས་པར་ ལྷོད་མ་ཚུགས་ཟེར་བཤད་པའི་ཁར་ སྤྱིར་བཏང་བཙག་འཐུ་ནང་ འགྱོ་ནིའི་རེ་བ་ཡོད་ཟེར་ཨིནམ་ད་ གཞུང་དེ་ མི་སེར་གྱི་གདམ་ཁ་ཨིནམ་ལས་ མོ་ཡང་ ཁས་བླངས་གསལ་བསྒྲགས་ལེགས་ཤོམ་དང་ འདེམས་ངོ་སྒྲིང་སྒྲི་ཅིག་ གདམ་ཁ་རྐྱབ་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།

བཙན་མཁར་ལུ་ ཚོང་རྐྱབ་སྡོད་མི་ སྐྱེས་ལོ་༤༡ ལང་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ཚོགས་པའི་ཁས་བླངས་གསལ་བསྒྲགས་དེ་ གནས་སྐབས་ཅིག་ ཚོགས་རྒྱན་དགོ་ནིའི་དོན་ལུ་ཨིན་ན་དང་ མ་འོངས་བུ་བརྒྱུད་ཀྱི་མཐའ་དོན་ལུ་ དམིགས་གཏད་བསྐྱེད་དེ་ འཕྲལ་ཕུགས་༢ ཀྱི་དོན་ལས་ཨིན་ན་ དབྱེ་ཞིབ་འབད་དགོཔ་ ཁག་ཆེ་བས་ཟེར་ཨིནམ་ད་ མོ་གིས་ ཚོགས་རྒྱན་དེ་ མི་དབང་མངའ་བདག་རྒྱལ་པོའི་ ཐུགས་དགོངས་གྲུབ་ཐབས་ལུ་ འཕྲལ་ཕུགས་༢ ཕན་ཐོགས་ཡོད་མི་ ཁས་བླངས་ལུ་བལྟ་སྟེ་ ཚོགས་རྒྱན་བཙུགས་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།

སྐྱེས་ལོ་༥༠ ལང་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ མི་སེར་ཚུ་ འབྱ་བསྡུ་ནིའི་དོན་ལས་ ལཱ་གིས་བཙར་མ་ཚར་བར་ཡོད་དེ་འབད་རུང་ ཧེ་མ་ལས་ ཐག་བཅད་དེ་འདུག་ཟེར་ཨིནམ་ད་ ད་རུང་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ཚོགས་པ་༢ ཆ་ར་གིས་ ཁས་བླངས་གསལ་བསྒྲགས་ལྟ་ཡོདཔ་ལས་ ཁས་བླངས་དང་འཁྲིལ་ཏེ་ ཚོགས་རྒྱན་བཙུགས་འོང་ཟེར་ཨིན་པས།

ཁམས་དྭངས་རམ་འཇར་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་ཆོག་མི་ ཕོ་སྐྱེས་༤,༣༩༩ དང་ ཨམ་སྲུ་༤,༧༧༧ བསྡོམས་ཏེ་ ཐོ་བཀོད་གྲུབ་མི་ མི་ངོམ་༩,༡༧༦ དེ་ཅིག་ཡོདཔ་ད་ ཁམས་དྭངས་རྒེད་འོག་དེ་ བཀྲིས་གཡང་རྩེ་ནང་ རྒེད་འོག་སྦོམ་ཤོས་ཅིག་ཨིནམ་མ་ཚད་ ཁམས་དྭངས་རམ་འཇར་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཅིག་ ཨིན་པའི་གནས་ཚུལ།

བཙན་མཁར་ལ་ལས་ གནས་བརྟན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *