ཁམ་ཤིང་ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་ བློན་ཆེན་གྱི་ མི་ངོམ་སྦེ་ གདམ་འཐུ་གྲུབ་ཡོདཔ།

༉ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་དེ་ བློན་ཆེན་གྱི་མི་ངོམ་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
དེ་ཡང་ ཚོགས་པའི་བཀོད་ཁྱབ་ཚོགས་ཆུང་གིས་ གྲོས་ཐག་བཅད་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་ གནས་ཚུལ་གསར་བཏོན་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༧ པའི་ དགོངས་དོན་དང་འཁྲིལ་ཏེ་ འབད་ཡི་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༧ པའི་ དོན་ཚན་དང་པའི་ནང་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ འདེམས་ཁྲི་མང་ཤོས་ཐོབ་མི་ ཚོགས་པའི་འགོ་ཁྲིདཔ་ ཡང་ན་ དེའི་གདམ་ངོ་དེ་ལུ་ བློན་ཆེན་སྦེ་ བདག་རྐྱེན་གནང་ནི་ཨིན་ཟེར་ཨིན་པས།
དེ་ལས་ རྩ་ཚན་དེ་གི་ དོན་ཚན་༣ པའི་དགོངས་དོན་དང་འཁྲིལཝ་ད་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་གྲས་ལས་ བློན་ཆེན་གྱི་གྲོས་འདེབས་ཐོག་ བློན་པོ་ཚུ་ བསྐོ་བཞག་གནང་ནི་དང་ ཡང་ན་ བློན་ཆེན་གྱི་ གྲོས་འབུལ་ཐོག་ བློན་པོའི་གོ་གནས་ལས་ བཏོན་གཏང་ནི་ཨིན་ཟེར་ཨིན་པས།
ད་རེས་ ཚོགས་པའི་བཀོད་ཁྱབ་ཚོགས་ཆུང་གིས་ ཚོགས་པའི་གཙོ་འཛིན་གསརཔ་ བསྐོ་བཞག་འབད་ནི་ལུ་ གྲོས་བསྟུན་འབད་བའི་བསྒང་འདུག།
དེ་ཡང་ ཚོགས་པའི་བཀའ་ཁྲིམས་ནང་ གལ་སྲིད་ ཚོགས་པའི་གཙོ་འཛིན་དེ་ བློན་ཆེན་སྦེ་ བསྐོ་བཞག་འབད་བ་ཅིན་ གཙོ་འཛིན་གསརཔ་ བཀལ་དགོ་པའི་ དགོས་མཁོ་ཡོདཔ་ཨིན་པས།
ཚོགས་པའི་བཀའ་ཁྲིམས་དང་འཁྲིལཝ་ད་ བཀོད་ཁྱབ་ཚོགས་ཆུང་གི་ དགོས་མཁོ་དང་འཁྲིལ་ཏེ་ དགག་བཤེར་དང་ ཚད་མཉམ་གྱི་དོན་ལུ་ ཚོགས་པའི་གཙོ་འཛིན་གྱིས་ བློན་ཆེན་དང་ ཡང་ན་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ འགན་ཁུར་གཉིས་ཆ་ར་ འབག་མི་ཆོག་ཟེར་ཨིན་པས།
གལ་སྲིད་ སྲིད་དོན་ཚོགས་པ་ རྒྱལ་ཁ་འཐོབ་པ་ཅིན་ བློན་ཆེན་དང་ ཡང་ན་ ལྡོག་ཕྱོགས་འགོ་ཁྲིདཔ་དེ་ གཙོ་འཛིན་གྱིས་ ཨིན་ཅི་མིན་ཅི་ འབད་དགོཔ་མེད་ཟེར་ཨིན་པས།
ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ སྤྱིར་བཏང་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༣༠ བཙག་འཐུ་གྲུབ་མི་ཚུ་ལུ་ བཙག་འཐུའི་ ལག་ཁྱེར་གནང་ནུག།
འབྲུག་མཉམ་རུབ་ཚོགས་པའི་ བཀོད་ཁྱབ་ཚོགས་ཆུང་ནང་ གཙོ་འཛིན་དང་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ དེ་ལས་ ཚོགས་པ་གཞི་བཙུགས་འབད་མི་ རྟ་མགྲིན་རྡོ་རྗེ་དང་ བསྟན་འཛིན་ལེགས་འཕེལ་ དེ་ལས ཀརྨ་རྡོ་རྗེ་ཚུ་ ཡོདཔ་ཨིན་པས།
སྤྱིར་བཏང་བཙག་འཐུ་དང་འབྲེལ་བའི་ གནད་དོན་ཚུ་ མཐོ་གཏུགས་འབད་ནིའི་ དུས་ཡུན་དེ་ སྤྱི་ཟླ་༡༡ པའི་ཚེས་༦ ལུ་ མཇུག་བསྡུ་ནི་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *