བཙག་འཐུ་འགོ་དཔོན་ཚུ་གིས་ ངོས་ལེན་འགོ་དཔོན་ཡིག་ཚང་ནང་ འགྲེམ་ཐོག་ཚོགས་རྒྱན་ གྲངས་རྩིས་རྐྱབ་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་།

ཁམ་ཤིང་མེ་ཏོག་གིས་ བཀྲིས་སྒང་ལུ་ འདེམས་ཁོངས་༥ ལས་༢ རྒྱལ་ཁ་ཐོབ་ཡོདཔ།

༉ འགོ་ཐོག་བཙག་འཐུ་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ བཀྲིས་སྒང་རྫོང་ཁག་ནང་ འདེམས་ཁོངས་༥ ཡོད་མི་ལས་ འདེམས་ཁྲི་ཕུད་རྡོག་གཅིག་ཡང་ མ་ཐོབ་རུང་ སྤྱིར་བཏང་བཙག་འཐུ་ནང་ལས་ འདེམས་ཁྲི་གཉིས་ཐོབ་ནུག།

དེ་ཡང་ མཉམ་རུབ་ཚོགས་པའི་ ར་ལྡི་-སག་སྟེང་དང་ ཁྲིམས་ཤིང་འདེམས་ཁོངས་ཀྱི་འདེམས་ངོ་ རྡོ་རྗེ་ཚེ་རིང་དང་ ཨྱོན་རྡོ་རྗེ་གིས་ ཚོགས་རྒྱན་༣,༥༥༠ དང་༢,༦༤༦ ཐོབ་ཐོག་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་བཙག་འཐུ་ནང་ རྒྱལ་ཁ་ཐོབ་མི་དེ་ ཁུངས་མེད་བཟོ་ཡོདཔ་ཨིན་པས།

རྡོ་རྗེ་ཚེ་རིང་དེ་ འགྲོམ་ཐོག་ཚོགས་རྒྱན་ནང་ ཚོགས་རྒྱན་༤༣༠ གིས་ ཕམ་སོ་རུང་ འཕྲུལ་ཆས་ཚོགས་རྒྱན་མངམ་ཐོབ་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༢༥༩ ཐོབ་ཡོདཔ་བཞིན་དུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བཀྲིས་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༧༢༡ ཐོབ་ཡོད་རུང་ འཕྲུལ་ཆས་ཚོགས་རྒྱན་༡,༥༩༦ ལས་བརྒལ་ ཐོབ་མ་ཚུགས་པས།

ཁྲིམས་ཤིང་ལུ་ ཨྱོན་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༡༢༨ དང་ འཕྲུལ་ཆས་ཚོགས་རྒྱན་༡,༥༡༨ ཐོབ་ཡོདཔ་ད་ ཕུན་སུམ་ཚོགས་པའི་འདེམས་ངོ་ བཅོ་ལྔ་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༠༣༧ དང་ འཕྲུལ་ཆས་ཚོགས་རྒྱན་༡,༤༢༢ ཐོབ་ནུག།

དེ་འབདཝ་ད་ བྱ་ཁྲུང་ཁྲུང་གིས་ བར་མཚམས་-གཤོང་ཕུག་དང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་ དེ་ལས་ ཝམ་རོང་འདེམས་ཁོངས་༣ ནང་ རྒྱལ་ཁ་ཐོབ་ནུག།

བར་མཚམས་-གཤོང་ཕུག་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པ་སངས་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༢,༡༧༦ དང་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་༡,༩༢༣ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་ལེགས་འཕེལ་གྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༧༢༡ དང་ འཕྲུལ་ཆས་ཚོགས་རྒྱན་༡,༨༤༠ ཐོབ་ལས་ བཙག་འཐུ་མ་གྲུབ་པས།

བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་ལུ་ ཕུན་སུམ་ཚོགས་པའི་ བསམ་གྲུབ་ཧར་དབང་ཕྱུག་དེ་ འཕྲུལ་ཆས་ཚོགས་རྒྱན་ནང་ ཚོགས་རྒྱན་༢༨༩ གིས་ ཕམ་སོ་རུང་ འགྲེམ་ཐོག་ཚོགས་རྒྱན་༢,༠༣༧ ཐོབ་མི་ལུ་བརྟེན་ ཚོགས་རྒྱན་གྱངས་ཁ་༢༨ ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ མཉམ་རུབ་ཚོགས་པའི་འདེམས་ངོ་ བསྟན་འཛིན་རྣམ་རྒྱལ་གྱིས་ འཕྲུལ་ཆས་ཚོགས་རྒྱན་༢,༡༡༨ ཐོབ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་༡,༧༢༠ ལས་བརྒལ་མ་ཐོབ་པས།

ཝམ་རོང་འདེམས་ཁོངས་ནང་ ཚོགས་རྒྱན་༥,༦༠༢ བཙུགས་མི་ལས་ ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཀརྨ་འཕྲིན་ལས་ཀྱིས་ ཚོགས་རྒྱན་༢,༩༨༠ ཐོབ་ཡོད་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༡,༦༩༥ དང་ འཕྲུལ་ཆས་ཚོགས་རྒྱན་༡,༢༨༥ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་ འཇིགས་མེད་དབང་འདུས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༣༥༢ དང་ འཕྲུལ་ཆས་ཚོགས་རྒྱན་༡,༢༧༠ ཐོབ་ཡོདཔ་ཨིན་པས།

རྫོང་ཁག་གི་ ཚོགས་རྒྱན་ས་ཁོངས་༧༥ ཡོད་མི་ཚུ་ནང་ ཚོགས་རྒྱན་བཙུགས་མི་༡༦,༢༨༥ འོང་ཡོདཔ་ད་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤༧,༦༡༤ ཡོད་མི་ལས་ འགྲེམ་ཐོག་དང་ འཕྲུལ་ཆས་ཐོག་ ཚོགས་རྒྱན་༣༢,༩༣༨ བཙུགས་མི་དེ་ འགོ་ཐོག་བཙག་འཐུ་ལས་ བརྒྱ་ཆ་༢.༨༦ ཡར་སེང་སོང་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *