བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ སྒྲིང་ཁྱིམ་ཚུ་ འགོ་འབྱེད་འབད་བའི་བསྒང་།

ཁང་གླ་ཁེ་ཏོག་ཏོ་འབད་མི་ ཁང་ཚན་ཚུ་ བགོ་བཀྲམ་འབད་ནི།

༉ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཚད་ཀྱིས་ ཕུན་ཚོགས་གླིང་ལུ་ ཁང་གླ་ཁེ་ཏོག་ཏོ་སྦེ་ བྱིན་ནིའི་དོན་ལུ་ ཁང་ཚན་༥༠༦ འབད་མི་ སྒྲིང་ཁྱིམ་རྐྱབ་ཡོད་མི་ཚུ་ ཤུལ་མའི་ཟླཝ་ནང་ལས་ རྒྱ་གར་གྱི་ ས་མཚམས་ས་གནས་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ བྱིན་ནི་ཨིན་པས།
ཁང་ཚན་ཚུ་ དྭངས་གསལ་ཐོག་ལས་སྤྲོད་ཐབས་ལུ་ ཁ་རྗེ་རྒྱན་ཤོག་གི་ཐོག་ལས་ བགོ་བཀྲམ་འབད་ནི་ཨིནམ་ད་ གནས་དོན་དེའི་སྐོར་ལས་ ཁ་ཙ་ ཨ་མོ་ཆུ་གཙང་ཆུའི་མཐའམ་བདའ་སྟེ་ སྒྲིང་ཁྱིམ་༢༠ རྐྱབ་ནི་ཨིན་མི་དེ་ འགོ་འབྱེད་འབད་བའི་སྐབས་ ལས་འཛིན་གྱིས་ གསལ་སྟོན་འབད་ཡོདཔ་ད་ འགོ་འབྱེད་དེ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འབད་ཡོདཔ་ཨིན་པས།
གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་དང་ དངུལ་རྩིས་བློན་པོ་རྣམ་རྒྱལ་རྡོ་རྗེ་ དེ་ལས་ གཞན་ཆེ་མཐོའི་འགོ་དཔོན་ཚུ་གིས་ འགོ་འབྱེད་རྟེན་འབྲེལ་སྐབས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཤུལ་མམ་གྱི་ཟླཝ་ནང་ལས་ ཁང་ཚན་ཚུ་ རྩིས་སྤྲོད་ཚར་བའི་ཤུལ་ལས་ ཁ་ཙ་འགོ་འབྱེད་འབད་མི་ ཁང་ཚན་༡༦༠ འབད་མི་ སྒྲིང་ཁྱིམ་༢༠ བཟོ་སྐྲུན་འབད་མི་དེ་ཡང་ ཁང་གླ་ནང་སྡོད་མི་ཚུ་ལུ་ སྤྲོད་ནི་ཨིནམ་ད་ ལྷག་ལུས་སྒྲིང་ཁྱིམ་༤༢ ནང་ ཁང་ཚན་༣༤༦ འབད་མི་དེ་ དུས་ཅི་སྤྱི་ཟླ་༡༡ པའི་ནང་ལས་ བཟོ་སྐྲུན་འབད་ཚར་ནི་ཨིན་པས།
ཁང་གླ་ཁེ་ཏོག་གོ་སྦེ་ སྤྲོད་ཐབས་ལུ་དམིགས་ཏེ་ འགོ་བཙུགས་མི་ ལས་འགུལ་དེ་ སྤྱི་ལོ་༢༠༡༦ ལས་ འགོ་བཙུགས་ཡོདཔ་ད་ ལས་འགུལ་དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ ཕུན་ཚོགས་གླིང་ལུ་ ཁང་གླ་ནང་སྡོད་མི་ཚུ་གི་དོན་ལུ་ རན་ཏོག་ཏོ་གི་ཁྱིམ་དགོ་པའི་སྐོར་ལས་ གསུངས་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ལས་འགུལ་དེ་ཡང་ ས་ཁོངས་ཁག་༡༠ ནང་ ཁང་ཚན་༥༠༦ འབད་མི་ སྒྲིང་ཁྱིམ་༦༢ ཡོདཔ་ད་ ལས་འགུལ་དོན་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༨༩༠ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པས།
ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ བཤད་མིའི་ནང་ འགོ་འབྱེད་འབད་མི་སྒྲིང་ཁྱིམ་ཚུ་ཡང་ གཞུང་དང་འབྲེལ་ཡོད་ཡིག་ཚང་ཚུ་གིས་ གྲོགས་རམ་འབད་མི་ལུ་བརྟེན་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ཅི་ཟེར་ཨིན་པས།
འཕྲིན་ལས་རྡོ་རྗེ་གིས་ བཤད་མིའི་ནང་ ཡིག་ཚང་གིས་ ད་རེས་ ཁྱིམ་ཚུ་ནང་སོང་སྟེ་ ཡིག་ཆ་ཚུ་ལུ་ བདེན་དཔྱད་འབད་དོ་ཡོདཔ་ད་ བདེན་དཔྱད་འབད་ཚར་བའི་ཤུལ་ལས་ མི་ཚུ་གིས་ རྒྱན་ཤོག་འཐུ་བར་ འོང་དགོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༡༩ ལས་འགོ་བཙུགས་ དུས་ཅི་སྤྱི་ཟླ་༡ པ་ཚུན་ སྒྲིང་ཁྱིམ་དེ་ནང་ མཁོ་འདོད་བཀོད་མི་ མི་གྲངས་༡༢༥༩ གིས་ ཡི་གུ་ཚུ་བཙུགས་ཡོད་རུང་ ལ་ལོ་ཅིག་གིས་ ས་ཁོངས་གཞན་ཁར་ལས་ཕར་ ཁྱིམ་འཚོལ་ཏེ་སོང་ཡོདཔ་ཨིན་པས།
ཁ་ཙ་ ཁང་ཚན་༡༦༠ འགོ་འབྱེད་འབད་མི་དེ་ དབྱེ་ཁག་བཞི་པ་དང་གསུམ་པ་ཨིནམ་ད་ དེ་ནང་ ཁང་ཚན་གཉིས་རེ་ཡོད་པའི་ཁར་ དབྱེ་ཁག་གསུམ་པའི་ཁང་ཚན་ཚུ་ནང་ ཆབ་གསང་གཉིས་རེ་ཡོདཔ་ཨིན་པས།
ཁང་གླ་ཚུ་ཡང་ དངུལ་ཀྲམ་༤,༠༠༠ ལས་༧,༠༠༠ གི་བར་ན་ཨིནམ་ད་ ཁང་གླ་ཚུ་ཡང་ ཁང་མིག་གི་ རྒྱ་ཚད་དང་འཁྲིལ་སྤྲོད་དགོ་པའི་ཁར་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇའི་སྒང་ལུ་སྡོད་མི་ཚུ་གིས་ ཁང་གླ་ཉུང་ཤོས་ཟླཝ་རེ་ལུ་ དངུལ་ཀྲམ་༥༠༠༠ དེ་རེ་ སྤྲོད་དེ་སྡོད་ནུག་ཟེར་ཨིན་པས།
ད་ལྟོ་སྤྲོད་མི་ ཁང་ཚན་ཚུ་ ཁྲོམ་སྡེ་ནང་འབད་བ་ཅིན་ ཟླཝ་རེ་ལུ་ དངུལ་ཀྲམ་༡༤,༠༠༠ དང་༡༥,༠༠༠ འི་བར་ན་གནས་ནི་ཨིནམ་ད་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ སྤུས་ཚད་ཀྱི་ཐད་ཁར་ལྷོདཔ་ད་ སྒྲིང་ཁྱིམ་ཚུ་ གནས་ཚད་དང་ལྡནམ་སྦེ་ རྐྱབ་སྟེ་ཡོད་ཟེར་ཨིན་པས།
ལས་འགུལ་དབྱེ་ཁག་གཉིས་པ་དེ་ སྤྱི་ཟླ་༩ པའི་ནང་ མཇུག་བསྡུ་ནི་ཨིནམ་ད་ དེ་ནང་ཁང་ཚན་༡༣༦ ཡོད་པའི་ཁར་ དབྱེ་ཁག་གསུམ་པ་དེ་ སྤྱི་ཟླ་༡༡ པའི་ནང་ མཇུག་བསྡུ་ནི་ཨིནམ་ད་ དེ་ནང་ ཁང་ཚན་༢༡༠ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ ཁྱིམ་མ་འཐོབ་པའི་དཀའ་ངལ་དེ་ ཚབས་ཆེན་སྦེ་ཡོད་པའི་ཁར་ ས་མཚམས་ལས་འོང་མི་ཚུ་གིས་ ཕུན་ཚོགས་གླིང་ཁྲོམ་ཁར་ ཚོང་རྐྱབ་སྡོད་ནི་དེ་གིས་ ཁང་མིག་མང་ཤོས་ར་ མཛོད་ཁང་སྦེ་ བཟོ་ཡོད་པའི་ཁར་ ཁང་གླ་ཡང་ ཡར་སེང་འབད་དེ་ར་ སྡོད་དོ་ཡོདཔ་ལས་ མང་ཤོས་ཀྱིས་ ཁང་གླ་སྤྲོད་མ་ཚུགས་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས།
འབྲུག་མི་མང་ཤོས་ར་ ས་མཚམས་ཀྱི་ས་གནས་ཁག་ཚུ་ནང་སོང་སྟེ་ ཡོངས་གྲགས་ལུ་ ཅའི་ནིསི་ལེན་དང་ བའུ་བ་ཛར་ མང་ལ་བ་རི་ཟེར་མི་ཚུ་ནང་ སྡོད་དགོཔ་ཐོན་ཏེ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་ཁར་ གདོང་ལེན་གཞན་མི་དེ་ ས་ཁོངས་མེད་པའི་དཀའ་ངལ་ཨིན་རུང་ ས་གནས་གོང་འཕེལ་གྱི་ འཆར་གཞི་བཟོ་མི་དང་བསྟུན་ སྒེར་མི་མང་ཤོས་ཀྱིས་ ད་རེས་ནངས་པར་ ཁྱིམ་རྐྱབ་ནིའི་ལཱ་ཚུ་ འགོ་བཙུགས་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *