༉ ཞབས་ཏོག་ལྷན་ཁག་དང་ དགའ་སེངཔ་བཟོ་སྐྲུན་ལས་སྡེའི་བར་ན་ ལམ་སེལ་གྱི་ ཁག་འབག་དང་འབྲེལ་བའི་ རྩོད་བཤེར་འབད་མིའི་ནང་ ནང་འགྲིགས་འཆམ་ཁའི་ཁྲིམས་ཞིབ་ཚོགས་སྡེ་གིས་ བཟོ་སྐྲུན་ལས་སྡེ་ལུ་ རྒུད་འཐུས་སྤྲོད་དགོ་པའི་ གྲོས་ཆོད་བཏོན་མི་ལས་ ལོག་ལྟབ་ཡར་སེང་འབད་དེ་ བྱིན་དགོཔ་སྦེ་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་ནུག།
དེ་ཡང་
དར་དཀར་ནང་ལུ་ གཞུང་ལམ་གཉིས་པའི་ དཱལ་བ་རི་དང་ དར་དཀར་དཔལ་ལའི་བར་ན་ ལམ་སེལ་མི་ དགའ་སེངཔ་བཟོ་སྐྲུན་ལས་སྡེ་གིས་ ལཱ་འབད་བའི་ ནམ་དུས་ལུ་ ཞབས་ཏོག་ལྷན་ཁག་གིས་ ཆ་མེད་བཏང་པའི་ཤུལ་ལས་ རྩོད་བཤེར་འབད་ཡོདཔ་ཨིན་པས།
ལམ་སེལ་ནི་ གྲ་སྒྲིག་འབད་ཐབས་ལུ་ ལྷན་ཁག་གིས་ ལས་སྡེ་ལུ་ སྔོན་བྱིན་མ་དངུལ་ དངུལ་ཀྲམ་ས་ཡ་༣༣.༣ བྱིན་ཡོདཔ་མ་ཚད་ གནས་སྐབས་ཀྱི་དོན་ལུ་ ལཱ་བཀག་ཆ་འབད་བའི་སྐབས་ ད་རུང་ དངུལ་ཀྲམ་ས་ཡ་༡༥༠ བྱིན་ཡོདཔ་ད་ མངོན་མཐོ་ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་བའི་སྐབས་ ཁག་འབགཔ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༡༠༢.༣༩ དང་ ཁེ་ཕན་གཞན་ཚུ་ འཐོབ་ནི་གི་ འོས་འབབ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ བཟོ་སྐྲུན་ལས་སྡེའི་ཇོ་བདག་ འཕྲིན་ལས་བསྟན་འཛིན་ལུ་ ཞབས་ཏོག་ཁག་གི་ ཁ་ཐུག་ལས་ དངུལ་ཀྲམ་ས་ཡ་༨༠.༩ ལོག་སྤྲོད་དགོ་པའི་ བཀའ་རྒྱ་གནང་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁག་འབག་གི་ལཱ་དེ་ བཀག་ཆ་འབད་ཡོད་པ་ཅིན་ མཐུན་རྐྱེན་ཚུ་ ཆུད་ཟོས་འགྱོ་ནི་ལས་ བཀག་ཆ་འབད་ཚུགས་ཚུགསཔ་འོང་ཟེར་ གྲོས་འདེབས་འབད་བའི་ཤུལ་ལས་ ལྷན་ཁག་གིས་ ལཱ་དེ་ བཀག་ཆ་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་ནང་ གཞུང་གིས་ མ་འོངས་པ་ལུ་ དེ་བཟུམ་མའི་ ཆུད་ཟོས་མི་འགྱོ་ནིའི་དོན་ལུ་ མཁོ་སྒྲུབ་ལམ་སྟོན་དང་འཁྲིལ་ འབད་དགོཔ་གལ་ཆེ་བས་ཟེར་བཀོད་ནུག།
མངོན་མཐོ་ཁྲིམས་འདུན་གྱིས་ ཁག་འབག་ལུ་སྤྲོད་མི་ ལཱ་དེ་ དངུལ་ཀྲམ་ས་ཡ་༡༥༨ དེ་ཅིག་གི་རྩིས་ཨིནམ་ལས་ དགའ་སེངཔ་བཟོ་སྐྲུན་ལས་སྡེ་ལུ་ མ་དངུལ་དེ་ལས་ལྷག་སྟེ་ རྒུད་འཐུས་སྤྲོད་དགོཔ་མིན་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
བཟོ་སྐྲུན་ལས་སྡེ་གིས་ ཞབས་ཏོག་ལྷན་ཁག་ལས་ རྒུད་འཐུས་དངུལ་ཀྲམ་ས་ཡ་༣༦༠.༨༡ དགོཔ་སྦེ་ ཐོབ་བརྗོད་བཀོད་ཡོདཔ་ད་ ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༣༩.༧༦ བྱིན་ནི་གི་ ཁས་ལེན་འབད་ཡོད་རུང་ ནང་འགྲིགས་འཆམ་ཁའི་ཁྲིམས་ཞིབ་ཚོགས་སྡེ་གིས་ དངུལ་ཀྲམ་ས་ཡ་༤༠.༨༢༣ དགོཔ་སྦེ་ ཐག་བཅད་ཡོདཔ་ཨིན་པས།
བཟོ་སྐྲུན་ལས་སྡེ་གིས་ ཐོབ་བརྗོད་ཁག་༡༤ བཀོད་ཡོད་མི་ལས་ ཁྲིམས་འདུན་གྱིས་ ཐོབ་བརྗོད་ཁག་༦ ཆ་མེད་བཏང་ཡོད་རུང་ ཁོ་གིས་ ལས་མི་གླ་ཁར་ལེན་མི་ལུ་ ཐོབ་བརྗོད་བརྒྱ་ཆ་༡༠ འཕྲུལ་ཆས་ཚུ་ ས་ཁོངས་ནང་ལས་ ཕུན་ཚོགས་གླིང་ལུ་ ལོག་སྐྱེལ་འདྲེན་འབད་མི་ དེ་ལས་ འཕྲུལ་ཆས་ཚུ་ ལཱ་གི་ས་ཁོངས་ནང་ ལག་ལེན་མེད་པར་བཞག་མི་དང་ ས་ཆ་གླ་ཁར་ལེན་མི་ཚུ་གི་དོན་ལུ་ ཐོབ་བརྗོད་བཀོད་མི་ལས་ བརྒྱ་ཆ་༦༠ བྱིན་དགོ་པའི་ བཀའ་རྒྱ་གནང་ནུག།
དེ་མ་ཚད་ ཁག་འབག་ལས་སྡེ་གིས་ འཕྲུལ་ཆས་ཚུ་ མེདཔ་ཐལ་མི་དང་ ལཱ་གི་གོ་སྐབས་མེདཔ་སོང་མི་ དེ་ལས་ གོང་ཚད་ཡར་སེང་སོང་མིའི་སྐོར་ལས་ ཐོབ་བརྗོད་བཀོད་མི་ལུ་ཡང་ ཁྲིམས་འདུན་ལས་ རྒུད་འཐུས་དུམ་གྲ་ཅིག་ བྱིན་དགོ་པའི་ བཀའ་རྒྱ་གནང་ནུག།
འཁྲུན་ཆོད་ནང་ ཁག་འབག་གི་ ལམ་ལུགས་དང་འཁྲིལ་བ་ཅིན་ ཁག་འབགཔ་གིས་ ལཱ་གི་ས་ཁོངས་ནང་ འཕྲུལ་ཆས་ཚུ་ བསྐྱལ་དགོཔ་ལས་ དེ་གི་དོན་ལུ་ རྒུད་འཐུས་བྱིན་དགོཔ་མིན་འདུག་ཟེར་བཀོད་ནུག།
རྩོད་རྙོགས་ཀྱི་རྒྱབ་ཁུངས།
གནད་དོན་དེའི་སྐོར་ལས་ དང་པ་ར་ ལམ་སེལ་གྱི་ རིན་བསྡུར་ནང་ བཅའ་མར་གཏོགས་མི་ ཁག་འབགཔ་ཅིག་གིས་ རིན་བསྡུར་ཉུང་ཤོས་ དངུལ་ཀྲམ་ས་ཡ་༣༣༦.༦ བཀོད་མི་གིས་ ཐོབ་དགོ་པའི་ལཱ་དེ་ དགའ་སེངཔ་དང་ ཨེསི་པི་ཨེམ་ཨེལ་གྱིས་ རིན་བསྡུར་དངུལ་ཀྲམ་ས་ཡ་༡༥༨ བཀོད་མི་ལུ་ བྱིན་མི་དེ་ ཁེ་རྒུད་མ་བཏུབ་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ ཞིབ་དཔྱད་སྐབས་ ངན་ལྷད་ཡོད་པའི་ མངོན་རྟགས་མ་ཐོབ་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཏི་རུའི་ཁེ་ཕན་ལུ་བལྟ་སྟེ་ ཁག་འབགཔ་དེ་ ཆ་མེད་གཏང་ནི་དང་ ཡང་ཅིན་ རིན་བསྡུར་ལོག་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
ཨིན་རུང་ ལཱ་དབྱེ་ཁག་གསུམ་པ་དེ་ ཆ་མེད་མ་བཏངམ་ལས་ ད་ལྟོ་ ལཱ་འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ གྲོས་བསྟུན་འབད་བའི་ཤུལ་ལས་ དར་དཀར་དཔལ་ལ་དང་དཱལ་བ་རིའི་ གཞུང་ལམ་ནང་ ཁག་འབག་གི་ ལཱ་ཁག་གསུམ་ཡོད་མི་དེ་ སྤྱི་ལོ་༢༠༡༥ ཟླ་༣ པའི་ནང་ ལཱ་འགོ་བཙུགས་ཏེ་ ཟླཝ་༤ ལང་པའི་ཤུལ་ལས་ ལཱ་ཁག་གཉིས་ ཆ་མེད་བཏང་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱིས་ ཐག་བཅད་པའི་སྐབས་ ཁག་འབག་གི་ལཱ་ཚུ་ འགོ་བཙུགས་ཚར་ཡོད་པའི་ཁར་ གྲུབ་འབྲས་ཚུ་ཡང་ འཆར་གཞི་ལས་ལྷག་ བཏོན་ཡོད་པའི་ མངོན་གསལ་བྱུང་ནུག།
དར་དཀར་དཔལ་ལ་དང་ དཱལ་བ་རི་ དེ་ལས་ ལྷ་མོ་རྫིང་ཁའི་ རྒྱལ་ཡོངས་གཞུང་ལམ་གཉིས་པ་དེ་ འདས་པའི་གཞུང་གི་སྐབས་ལུ་ གྲོས་ཐག་བཅད་ཡོདཔ་ད་ རིང་ཚད་ཀི་ལོ་མི་ཊར་༨༠.༥༨ འབད་མི་ གཞུང་ལམ་དེ་ ཕྱེད་ཀ་སེལ་ནིའི་དོན་ལུ་ ནི་དཱར་ལེནསི་གཞུང་གིས་ མ་དངུལ་ཡུ་རོ་ས་ཡ་༢༡.༣༤ གྲོགས་རམ་བྱིན་ཡོདཔ་ཨིན་པས།
ལས་འགུལ་དེ་ ལཱ་ཁག་གསུམ་ནང་བགོ་སྟེ་ཡོདཔ་ད་ སྤྱི་ལོ་༢༠༡༤ ལུ་ རྒྱལ་སྤྱི་གནས་ཚད་ནང་ རིན་བསྡུར་འབད་ཡོདཔ་བཞིན་དུ་ ལམ་དེ་གིས་ བཙན་མདའ་སྒང་དང་ སྒོ་ཞིང་ རྡོ་རོ་ན་ གེ་སར་གླིང་ དེའུ་ར་ལི་རྒེད་འོག་ལྔ་བརྒྱུད་དེ་ སེལ་དོ་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལམ་སེལ་ནི་ཚུ་ཡང་ བཟོ་བཀོད་དང་འཁྲིལ་ མཇུག་མ་བསྡུཝ་ལས་ རྒུད་འཐུས་སྤྲོད་ནིའི་དོན་ལུ་ དབྱེ་ཞིབ་འབདཝ་ད་ ལཱ་ཁག་བཏང་ཡི་ཟེར་ཨིནམ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ བཟོ་རིག་འགོ་དཔོན་སྡེ་ཚན་གཉིས་ཀྱིས་ དབྱེ་ཞིབ་འབད་ཡོདཔ་བཞིན་དུ་ གཞུང་གིས་ རིན་བསྡུར་གྱི་ ལམ་ལུགས་དང་འཁྲིལ་ ཁག་འབགཔ་གཉིས་ལུ་ རྒུད་འཐུས་ཚུ་ སྤྲོད་ཡོདཔ་ཨིན་པས།
ནེ་པཱལ་ལས་ཨིན་མི་ ཏཱུན་ཌི་བཟོ་སྐྲུན་ལས་སྡེ་གིས་ ཨོ་དཱལ་ཐང་དང་ གེ་སར་གླིང་གི་བར་ན་ ལམ་ཀི་ལོ་མི་ཊར་༢༠ སེལ་ནི་ཨིན་མི་ལས་ ཀི་ལོ་མི་ཊར་༥ སེལ་ཚར་ཡོད་མི་དེ་ དངུལ་ཀྲམ་ས་ཡ་༣༧༨ དེ་ཅིག་ཨིནམ་ད་ ལས་སྡེ་དེ་ལུ་ དངུལ་ཀྲམ་ས་ཡ་༤༡༥.༨༨ དེ་ཅིག་གནས་པའི་ ལཱ་ཁག་གཉིས་པ་ལུ་ གཞུང་གིས་ རྒུད་འཐུས་དངུལ་ཀྲམ་ས་ཡ་༣༥ སྤྲོད་མི་ལུ་ ངོས་ལེན་འབད་ཡོདཔ་ཨིན་པས།
མཉམ་འབྲེལ་ཐོག་ལས་འབད་མི་ དགའ་སེངཔ་དང་ ཨེསི་པི་ཨེམ་ཨེལ་ལས་སྡེ་གིས་ ལམ་ཀི་ལོ་མི་ཊར་༩ དེ་ཅིག་ མཇུག་བསྡུ་ཡོད་པའི་ཁར་ ཀི་ལོ་མི་ཊར་༢༡.༢༢ དེ་ཅིག་ རྒྱ་ཚད་རྒྱ་སྐྱེད་འབད་ཚར་ཡོདཔ་ཨིན་པས།
ལས་སྡེ་དེ་ལུ་ དངུལ་ཀྲམ་ས་ཡ་༣༥༨ དེ་ཅིག་གནས་པའི་ ལཱ་ཁག་གསུམ་པ་ རིང་ཚད་ཀི་ལོ་མི་ཊར་༣༡.༢༢ འབད་མིའི་ ལཱ་བྱིན་ཡོདཔ་ད་ ལཱ་དེ་ཡང་ ཧེ་མ་ལས་ དར་དཀར་དཔལ་ལ་ལས་ གེ་སར་གླིང་ལུ་འགྱོ་བའི་ལམ་ ཀི་ལོ་མི་ཊར་༢༡.༢༢ རྩིས་ཏེ་ཨིན་པས།
དགའ་སེངཔ་བཟོ་སྐྲུན་ལས་སྡེ་དང་ རྒྱ་གར་གྱི་ བཟོ་སྐྲུན་ལས་སྡེ་ ཨེསི་པི་ཨེམ་ཨེལ་ལུ་ དངུལ་ཀྲམ་ས་ཡ་༣༩.༧༦ སྤྲོད་ཡོད་རུང་ ལས་སྡེ་གཉིས་ཀྱིས་ དངུལ་ཀྲམ་ས་ཡ་༣༦༠ དགོཔ་སྦེ་སླབ་སྟེ་ ཞབས་ཏོག་ལྷན་ཁག་དང་གཅིག་ཁར་ རྩོད་གཞི་བཙུགས་ཡོདཔ་ཨིན་པས།
ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ གནད་དོན་དེ་ ནང་འགྲིགས་འཆམ་ཁའི་ཁྲིམས་ཞིབ་ཚོགས་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཐག་བཅད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་ཅིག་གི་བར་ན་ ཁྲིམས་འདུན་གྱིས་ ཁག་འབགཔ་ཚུ་ལུ་ དངུལ་ཀྲམ་ས་ཡ་༡༥༠ གནས་སྐབས་ཀྱི་དོན་ལུ་ བྱིན་དགོཔ་སྦེ་ བཀའ་གནང་ཡོདཔ་ད་ གནད་དོན་དེ་ མངོན་མཐོ་ཁྲིམས་འདུན་ལུ་ལྷོད་དེ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་ཐོག་ སྤྱི་ཟླ་༧ པའི་ཚེས་༡༠ གྱི་ ནང་འཁོད་ལུ་ གཞུང་གིས་ དགའ་སེངཔ་ང་ ཨེསི་པི་ཨེམ་ཨེལ་ལས་སྡེ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༡༥༠ སྤྲོད་དགོཔ་སྦེ་ བཀའ་གནང་ནུག།
སྡེ་ཚན་གཉིས་ཆ་རའི་ཧོངས་ལས་ ངོ་ཚབ་ཡོད་མི་ ནང་འགྲིགས་འཆམ་ཁའི་ཁྲིམས་ཞིབ་ཚོགས་སྡེ་གིས་ ལྷན་ཁག་གི་ ཁ་ཐུག་ལས་ ཁག་འབགཔ་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་༤༠.༨༢༣ ལྷགཔ་ཅིག་ སྤྲོད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
ཁག་འབག་གན་རྒྱ་དང་འཁྲིལཝ་ད་ ནང་འགྲིགས་འཆམ་ཁའི་ཁྲིམས་ཞིབ་ཚོགས་སྡེ་གིས་ རྩོད་གཞི་ཐག་བཅད་ཡོད་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ཡང་ གཞི་འཛིན་འབད་དེ་ དགའ་སེངཔ་བཟོ་སྐྲུན་ལས་སྡེ་གིས་ དངུལ་ཀྲམ་ས་ཡ་༣༦༠ རྒུད་འཐུས་ཐོབ་བརྗོད་བཀོད་མི་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་ལས་ འཕྲིན་ལས་བསྟན་འཛིན་གྱིས་ ཁེ་རྒུད་མ་བཏུབ་པར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ ནང་འགྲིགས་འཆམ་ཁའི་ཁྲིམས་ཞིབ་ཚོགས་སྡེ་གིས་ ཐག་བཅད་མི་ལས་ཡང་ རྒུད་འཐུམ་མངམ་དགོཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།