ཁག་འབག་གན་ཡིག་དང་འཁྲིལ་ཏེ་ ལཱ་གཡོག་ཚུ་ བྱིན་ཡོད་པའི་ངོས་འཛིན།

༉ ཀ་ཊར་ལུ་ ཤ་ཀེབ་ཨ་བི་ལ་ བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ནང་ ལཱ་འབད་མི་ འབྲུག་པའི་ན་གཞོན་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཕེསི་བུག་ཐོག་ལས་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་གྱི་ ལཱ་གཡོག་དང་མི་སྟོབས་ལས་ཁུངས་ཀྱི་ འགོ་དཔོན་ཅིག་ལུ་ ལཱ་གི་གནས་སྟངས་སྐོར་ལས་ ཉོགས་བཤད་བཀོད་པའི་ཤུལ་ལུ་ ལྷན་ཁག་གིས་ ཞིབ་དཔྱད་འབད་བའི་སྐབས་ ཞིབ་དཔྱད་སྡེ་ཚན་དེ་གིས་འབད་བ་ཅིན་ ལས་སྡེ་དེ་གིས་ ཁག་འབག་གན་ཡིག་དང་འཁྲིལ་ཏེ་ ལཱ་གཡོག་ཚུ་ བྱིན་ནུག་ཟེར་ཨིན་པས།
སྡེ་ཚན་དེ་གི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཤ་ཀེབ་ཨ་བི་ལ་ བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་དང་གཅིག་ཁར་ ཁག་འབག་གན་ཡིག་གུ་ མིང་རྟགས་བཀོད་མི་ འབྲུག་པའི་ན་གཞོན་བསྡོམས་༤༢ ཡོད་ས་ལས་ ལཱ་གཡོག་དང་ ལས་སྡེ་ལུ་ སེམས་མ་དགའ་མི་ ན་གཞོན་༤ མ་གཏོགས་ གཞན་ཚུ་མེན་པས་ཟེར་ཨིན་པས།
མ་གཞི་ ཁོང་ན་གཞོན་༤ པོ་དེ་ དགོངས་ཞུ་འབད་ནི་སྦེ་ ཐག་བཅད་ཡོད་རུང་ ཁོང་ར་ ཁག་འབག་གན་ཡིག་གུ་ མིང་རྟགས་བཀོད་དེ་ཡོདཔ་ལས་ ཤ་ཀེབ་ཨ་བི་ལ་ བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ལས་སྡེ་དེ་གིས་ ཁག་འབག་གན་ཡིག་དང་འཁྲིལ་ཏེ་ འབད་དགོ་ཟེར་སླབ་སྟེ་ འབད་མ་བཅུགཔ་ཨིན་པས།
བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ནང་ ལཱ་འབད་ནིའི་དོན་ལུ་ ཡར་འཕེལ་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གིས་ འབྲུག་པའི་ན་གཞོན་༤༢ ལཱ་འབད་བར་ བཏང་ཡོདཔ་ཨིན་པས།
ད་རུང་ ཕྱི་རྒྱལ་ལཱ་གཡོག་སྡེ་ཕྲན་ལས་ འགོ་དཔོན་སྡེ་ཚན་ཅིག་ དབུས་ཤར་རྒྱལ་ཁབ་ ཀུ་ཡེཊ་ ཡུ་ནའི་ཊེཌ་ཨ་རབ་ ཨིམ་རེཊི་ ཨོ་མཱན་ བྷ་རིན་ དེ་ལས་ ཀ་ཊར་རྒྱལ་ཁབ་ཚུ་ནང་ སྤྱི་ཟླ་༡༠ པའི་ཚེས་༣ ལས་༢༡ ཚུན་ འབྲུག་པའི་ན་གཞོན་ཚུ་ ལཱ་འབད་སའི་ལས་སྡེ་དང་ ན་གཞོན་ཚུ་དང་གཅིག་ཁར་ འཕྱད་ནི་ཨིན་པས།
ལས་ཚན་དེ་གིས་ ཀ་ཊར་གྱི་ལས་སྡེ་ཚུ་དང་གཅིག་ཁར་ འཕྱད་ནིའི་ལས་རིམ་ཚུ་ ད་ལྟོ་ བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
ཞིབ་དཔྱད་སྡེ་ཚན་དེ་གིས་ ན་གཞོན་ཚུ་དང་གཅིག་ཁར་ཕྱད་དེ་ ག་དེམ་ཅིག་སྦེ་ ན་གཞོན་ཚུ་ ལཱ་ལུ་སེམས་མ་དགའཝ་རེ་ཡོད་པ་ཅིན་ ལྷན་ཁག་གི་ཁ་ཐུག་ལས་ གཱལཕི་རྒྱལ་ཁབ་གཞན་ཚུ་ནང་ ལཱ་གཡོག་འཚོལ་ནིའི་ ཆ་རོགས་འབད་ནི་ཨིནམ་ད་ ཡང་ཅིན་ ལོག་རྒྱལ་ཁབ་ནང་ འབོ་ནི་ཨིན་པས།
ན་གཞོན་ཚུ་གི་ ཉོགས་བཤད་དང་འཁྲིལ་བ་ཅིན་ ལས་སྡེ་དེ་གིས་ གནས་ཚད་ཅན་གྱི་ ཟ་ཁང་སྦོམ་ཚུ་ནང་ ལཱ་འབད་ནི་དང་ ལཱ་འབད་ནིའི་ དུས་ཡུན་དེ་ཡང་ ཆུ་ཚོད་༨ དང་ དུས་ཐེབས་༡ དང་༢ རྐྱངམ་གཅིག་ འབད་དགོཔ་སྦེ་ སླབ་ཡོད་རུང་ ད་རེས་ ཆུ་ཚོད་༡༢ དེ་རེ་ ལཱ་འབད་དགོཔ་ཐོནམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བདུན་ཕྲག་ངལ་གསོ་ཡང་ མི་ཐོབ་པས་ཟེར་ཨིནམ་ད་ ལས་སྡེ་ལུ་ ན་གཞོན་ཚུ་གིས་ ཉོགས་བཤད་བཀོད་རུང་ ངོས་ལེན་འབད་མ་བཏུབ་པའི་ཁར་ ལས་སྡེ་དང་ ལྷན་ཁག་གི་བར་ན་ ལག་ལེན་ལམ་ལུགས་ཅིག་ བཟོ་ཐོག་ལས་ མིང་རྟགས་བཀོད་མི་དེ་ བསྒྱུར་བཅོས་འབད་ནུག་ཟེར་ཨིན་པས།
ན་གཞོན་ཚུ་གིས་ ཟླ་རིམ་དངུལ་ཕོགས་ ཀ་ཏ་རི་ཡ་ རི་ཡེལསི་༡༡༠༠ དེ་རེ་ ཐོབ་དོ་ཡོདཔ་ཨིན་པས།
ན་གཞོན་ཚུ་ ལཱ་འབད་བར་བཏང་མི་ ཡར་འཕེལ་ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ཇོ་བདག་ བསོད་ནམས་སྟོབས་རྒྱས་ཀྱིས་ ཡིག་ཐོག་ལུ་ ལས་གཡོག་ལྷན་ཁག་ལུ་ སླབ་མིའི་ནང་ ན་གཞོན་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ ལཱ་ཚུ་ཡང་ ཀ་ཊར་ལུ་ ཤ་ཀེབ་ཨ་བི་ལ་ བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ནང་ འབད་ནི་ཨིན་ཟེར་ སླབ་ཡོདཔ་བཞིན་དུ་ དེ་གི་གནས་སྟངས་སྐོར་ལས་ གསལ་ཏོག་ཏོ་སྦེ་ བཤད་བྱིན་པའི་ཤུལ་ལས་རྐྱངམ་གཅིག་ ལས་གཡོག་ལྷན་ཁག་དང་གཅིག་ཁར་ མིང་རྟགས་བཀོད་ཅི་ཟེར་ཨིན་པས།
ལས་སྡེའི་ཁ་ཐུག་ལས་ གནས་ཚད་ཅན་གྱི་ ཟ་ཁང་ནང་ ལཱ་བྱིན་ནི་ཨིན་ཟེར་ མ་སླབ་ཟེར་ཨིནམ་ད་ ལས་བྱེདཔ་ཚུ་གིས་ ཉོགས་བཤད་ལྷོད་མི་ཚུ་ཡང་ སེལ་བྱིན་ཡོདཔ་མ་ཚད་ ལཱ་གི་ དུས་ཡུན་སྐོར་ལས་ཡང་ ཞལ་འཛོམས་དང་ གདམ་འཐུའི་དྲི་བ་དྲིས་ལན་སྐབས་ དྭངས་གསལ་སྦེ་ བཤད་བྱིན་ཡི་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *