ཁ་སྐམ་གྱི་ཁས་ལེན?

༉ ད་རེས་ནངས་པར་ རྒྱ་གར་སི་ཀིམ་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ འབྲུག་མི་སྟོང་ཕྲག་ལེ་ཤ་ཅིག་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ ཚ་གྱང་ཅན་དང་ དཀའ་ངལ་ཅན་གྱི་ གནས་སྟངས་ནང་སྡོད་ནུག།
དེ་ཡང་ སློབ་ཕྲུག་ཚུ་གིས་ གཙུག་ལག་སློབ་གྲྭ་དེ་གི་འོག་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོད་པའི་ ལག་ཁྱེར་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ངོས་འཛིན་མ་འབད་མི་ལུ་བརྟེན་ཨིན་མས།
མཐོ་རིམ་ཤེས་ཚད་ལག་ཁྱེར་ལུ་ ངོས་འཛིན་མེད་པ་ཅིན་ སི་ཀིམ་མ་ནི་པཱལ་ གཙུག་ལག་སློབ་སྡེའི་འོག་ལུ་ མཐོ་རིམ་སློབ་གྲྭ་ཁག་སོ་སོ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ མགྱོགས་པ་ར་ འགོ་འདྲེན་འཐབ་ནི་ཨིན་མི་ འབྲུག་ཞི་གཡོག་པའི་ཆོགས་རྒྱུགས་དང་ སང་ཕོད་ སྤྱི་ཚོགས་༣ པའི་བཙག་འཐུ་ཚུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིན་མས།
ཞི་གཡོག་ལྷན་ཚོགས་ཀྱིས་ གཙུག་ལག་སློབ་སྡེ་དེ་ནང་ལས་ མཐར་འཁྱོལ་མི་ཚུ་ ངོས་འཛིན་མ་འབད་མི་དེ་ཡང་ ཁོང་གི་ ཤེས་ཚད་ལག་ཁྱེར་ནང་ ཐག་རིང་ཤེས་ཡོན་ཟེར་ གསལ་བཀོད་འབད་ཡོད་མི་ལུ་བརྟེན་ཨིནམ་ད་ ཐག་རིང་ཤེས་ཡོན་ཟེར་མི་དེ་ སློབ་ཁང་ནང་མེན་པར་ རང་སྡོད་སའི་ ས་ཁོངས་ནང་ དཔེ་ཆ་ལྷབ་ཐོག་ལས་ ཐོ་བཀོད་འབད་ཡོད་པའི་ མཐོ་རིམ་སློབ་གྲྭ་ནང་སོང་སྟེ་ཆོས་རྒྱུགས་རྐྱབ་མི་ལུ་ སླབ་ཨིན་མས།
ཐག་རིང་ཤེས་ཡོན་གྱི་ མཐོ་རིམ་ལག་ཁྱེར་འཆང་མི་ཚུ་གི་ གནད་དོན་དེ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ ཐོན་ཞིནམ་ལས་ཚུར་ ཐོ་ཕོག་མི་ སློབ་ཕྲུག་ཚུ་གིས་ ཁོང་རའི་མཐོ་ཤེས་ཚད་ཀྱི་ ལག་ཁྱེར་ཚུ་ལུ་ ངོས་ལེན་ཡོདཔ་ཅིག་ མཛད་གནང་ཟེར་ བློན་ཆེན་ལས་འགོ་བཟུང་ ཤེས་རིག་བློན་པོ་དང་ འབྲུག་ངོ་སྦྱོར་ཚོགས་སྡེ་ཚུ་ལུ་ གསོལ་ཞུ་ཕུལ་ནུག།
མ་གཞི་ བློན་ཆེན་མཆོག་གིས་ སྤྱི་ཟླ་༤ པའི་ནང་ བརྡ་བརྒྱུདཔ་ཚུ་དང་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ ད་ཚུན་གྱི་བར་ན་ སི་ཀིམ་ལས་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་མི་ཚུ་གི་ཐད་ཁར་ གཞུང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་ཐོག་ དཀའ་ངལ་སེལ་ཐབས་འབད་འོང་ཟེར་ གསུངས་ཡོདཔ་ཨིན།
དེ་འབདཝ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ བློན་ཆེན་གྱིས་ ཆ་རོགས་མཛད་ནི་མས་ཟེར་ བློ་བདེ་ཐོག་ལས་ སྡོད་པའི་མཐའ་མར་ གཞུང་གི་ཧོངས་ལས་ ཆ་རོགས་ག་ནི་ཡང་ མཛད་ཐབས་མ་བྱུངམ་ལས་ བློ་བྱག་ཕུག་ལུ་གཏད། བྱག་ཕུག་སྟོངམ། ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདདཔ་བཟུམ་ཅིག་ལུ་ གྱུར་སོ་ནུག།
དེ་གིས་མ་དོ་བར་ ཉེས་མེད་ཉམས་རྒུདཔ་ཚུ་གིས་ གཞུང་འབྲེལ་འགོ་དཔོན་ལེ་ཤ་དང་ཕྱད་དེ་ ཁོང་གི་ དཀའ་ངལ་སེལ་ཐབས་འབད་དགོ་པའི་ ཞུ་བ་ཕུལ་རུང་ དཀའ་ངལ་སེལ་ནི་གི་ ཐབས་ལམ་འཚོལ་ནིའི་ཚབ་ལུ་ དབང་འཛིན་དང་ གཙུག་སྡེ་གཅིག་གིས་གཅིག་ལུ་ ཧད་འཕུལ་བཞགཔ་ལས་ ལྷག་པར་དུ་ སེམས་ཕམ་བྱུང་ནུག།
གནད་དོན་དེ་ལུ་ འཛོལ་བ་ག་ལུ་ཡོདཔ་ཨིན་ན?
སྤྱི་ལོ་༢༠༡༦ ཚུན་ཚོད་ སི་ཀིམ་མ་ནི་པཱར་གཙུག་ལག་སློབ་སྡེ་ལས་ འབྲུག་གི་སློབ་ཕྲུག་༥,༠༠༠ ལྷགཔ་ཅིག་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་མ་ཚད་ ལ་ལོ་ཅིག་ སྲིད་དོན་དང་ གཞུང་གཡོག་ཚུ་ནང་ འཛུལ་ཞུགས་འབད་དེ་ཡོད་པའི་ ནམ་དུས་ལུ་ མཐོ་རིམ་ཤེས་ཚད་ལག་ཁྱེར་ཚུ་ལུ་ ངོས་འཛིན་མེད་ཟེར་བའི་བསྒང་ལས་ འབྲེལ་ཡོད་དབང་འཛིན་ དཔེར་ན་ ཤེས་རིག་ལྷན་ཁག་དང་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ དེ་ལས་ འབྲུག་ངོ་སྦྱོར་ཚོགས་སྡེ་ཚུ་ལུ་ འཛོལ་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས།
ག་འཆརཔ་ཟེར་བ་ཅིན་ ལས་སྡེ་དེ་ཚུ་གིས་ ཧེ་མ་ལས་ར་ སི་ཀིམ་གཙུག་ལག་སློབ་སྡེའི་ ལག་ཁྱེར་ཚུ་ལུ་ ཆ་གནས་མེད་པའི་སྐོར་ གསལ་བསྒྲགས་འབད་ཡོད་པ་ཅིན་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ མཐོ་རིམ་སློབ་གྲྭ་དེ་ཚུ་ནང་ དོན་མེད་ཀྱི་ ཟད་འགྲོ་བཏང་དགོཔ་ མ་བྱུངམ་འོང་ཟེར་མནོཝ་མས།
མ་གཞི་ བླམ་བྱོན་ཚརཝ་ད་བསངས་བཏང་། དོམ་རྒྱབ་ཐལཝ་ད་དཔའ་རྟགས་འབལ། ཟེར་ སླབ་དོ་བཟུམ་ཅིག་ཨིན་རུང་ ང་བཅས་ཀྱི་ མཐོ་རིམ་སློབ་ཕྲུག་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་ གོ་སྐབས་ཡོད་མི་དེ་ཡང་ གཞུང་གིས་ འབྲེལ་ཡོད་དབང་འཛིན་ཚུ་དང་ ཁ་སླབ་ཐོག་ལས་ ད་ལས་ཕར་ མཐོ་རིམ་ཤེས་ཡོན་སྦྱང་མི་ཚུ་ལུ་ ངོས་འཛིན་མ་འབད་རུང་ ད་ཚུན་གྱི་བར་ན་ སི་ཀིམ་གཙུག་ལག་སློབ་སྡེའི་ཐོག་ལས་ མཐར་འཁྱོལ་མི་ཚུ་ ངོས་འཛིན་འབད་ནི་གི་དབང་ཚད་ གཞུང་ལུ་ཡོད་ནི་དེ་གིས་ཨིན།
དེ་མིན་ ད་ལྟོའི་གཞུང་སྐྱོང་གིས་ སྤྱི་ཚོགས་༢ པའི་བཙག་འཐུའི་སྐབས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་མ་དགོཔ་ བཟོ་ནི་གི་ ཁས་བླངས་འབད་མི་དེ་ ཁ་སྐམ་ལུ་ གྱུར་ཡོདཔ་བཞིན་དུ་ ད་རེས་ཡང་ འབད་ཐབས་ག་ནི་ཡང་མིན་འདུག་ཟེར་གསུངས་མི་དེ་གིས་ ནན་བསྐྱར་དུ་ ཁ་སྐམ་གྱི་ཁས་ལེན་ལུ་གྱུར་བའི་མངོན་གསལ་ བྱུངམ་མས་ཟེར་ ཞུ་ནི་ཨིན།

About admin

Check Also

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

༉ གྱེན་ལོག་དམག་རྒོལ་རྒྱུད་བསྐུལ་གྱི་ རྩོད་བཤེར་ནང་ བཙོན་ཁྲིམས་ཕོགས་མི་༤ གི་གྲས་ལས་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་གི་ ངོ་ཚབ་ཀྱིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *