༉ མེ་ཏོག་སྐྱེལ་འདྲེན་བཱསི་གི་དེད་གཡོགཔ་ ཨོམ་པར་ཀཱཤ་ མོང་གར་གྱིས་ ཀྲོང་གསར་ལུ་ རིན་གོང་དངུལ་ཀྲམ་༥༠ རེ་འབད་མི་ ཁ་རྗེའི་རྒྱན་ཤོག་༢ ཉོ་བའི་སྐབས་ རྒྱན་ཤོག་གི་ གསོལ་རས་འཐོབ་འོང་ཟེར་ རེ་བ་མ་བསྐྱེད་པས།
དེད་གཡོགཔ་དེ་གིས་ ཐིམ་ཕུག་ལུ་འོངམ་ད་ ལམ་འགྲུལཔ་ཚུ་ དྲོ་མཛར་ཟ་ནིའི་དོན་ལས་ ཀྲོང་གསར་ལུ་ ཟ་ཁང་གི་ ཇོ་བདག་ལུ་ འགྲུལ་སྐྱེལ་བཱསི་བཀག་པའི་ བར་འཐུས་ཀྱི་ཚབ་ལུ་ རྒྱན་ཤོག་༢ ལེན་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༣ ལུ་ འབྲུག་རྒྱལ་འཛིན་རྒྱན་ཤོག་ཚད་འཛིན་གྱིས་ རྒྱན་ཤོག་གི་ གྲུབ་འབྲས་གསལ་བསྒྲགས་འབདཝ་ད་ དེད་གཡོགཔ་ཨོམ་པར་ཀཱཤ་ མོང་གར་གྱི་ མི་ཚེ་དེ་ བསྒྱུར་བཅོས་སོང་མི་དེ་ཡང་ ཁོ་གིས་ སྤུན་གསུམ་ཟླ་རིམ་རྒྱན་ཤོག་གི་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་ས་ཡ་༡ ཐོབ་ནི་དེ་གིས་ཨིན་པས།
ང་གིས་ དེ་བསྒང་ ཀྲོང་གསར་ལུ་ བཱསི་བཀག་སྡོད་མི་དེ་ འགོ་དང་པ་ཨིན་ཟེར་ གསར་སྤང་ལས་ ཨོམ་པར་ཀཱཤ་ མོང་གར་གྱིས་ བཤད་ཡོདཔ་ད་ ཨ་རྟག་འབད་བ་ཅིན་ དེད་གཡོགཔ་དེ་གིས་ དྲོ་མཛར་གྱི་དོན་ལུ་ ཚང་ཁ་ལུ་ བཱསི་བཀགཔ་ཨིན་པས།
སྐྱེས་ལོ་༣༤ ལང་མི་ དེད་གཡོགཔ་གིས་ སླབ་མིའི་ནང་ རྒྱན་ཤོག་ལས་ཐོབ་མི་ མ་དངུལ་གྱིས་ གསར་སྤང་ལུ་ ཁོ་རའི་ཕ་གཞིས་ནང་ སྡོད་ཁྱིམ་ཅིག་ རྐྱབ་འོང་ཟེར་ཨིནམ་ད་ ད་ཚུན་གྱི་བར་ན་ ཁོ་ལུ་ རང་དབང་གི་ ཁྱིམ་མེདཔ་ཨིན་པས།
ཨོམ་པར་ཀཱཤ་གིས་ རྒྱན་ཤོག་གི་ རྒྱལ་ཁ་ཐོབ་མི་དེ་ རྒྱན་ཤོག་མ་ཉོ་བའི་ བདུན་ཕྲག་༢ ཀྱི་ཧེ་མར་ ཁོ་རའི་ ཨའི་གྱོངས་མི་གི་ གནང་བྱིན་ཨིནམ་སྦེ་ ཆ་བཞག་དོ་ཡོདཔ་ད་ ཀུན་གསལ་གྱིས་ དྲི་བ་དྲིས་ལན་འབད་བའི་སྐབས་ དངུལ་ཁང་ནང་ལས་ དངུལ་ཀྲམ་༢༠,༠༠༠ བཏོན་ཡོད་མི་དེ་ ཕུན་ཚོགས་གླིང་ཟངས་མདོག་དཔལ་རི་ལྷ་ཁང་ལུ་ ཞལ་འདེབས་བྱིན་ཐབས་ལུ་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ རྒྱན་ཤོག་ལས་ཐོབ་མི་ མ་དངུལ་ལྷག་ལུས་དེ་ ཁོ་རའི་ ཁྱིམ་རྐྱབ་ད་ ཟད་འགྲོ་གཏང་ནི་ཟེར་ བཤདཔ་ཨིན་པས།
ཕུན་སུམ་ཟླ་རིམ་རྒྱན་ཤོག་དེ་ དང་པ་ར་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ནང་ འབྲུག་རྒྱལ་འཛིན་རྒྱན་ཤོག་ཚད་འཛིན་གྱིས་ འགོ་བཙུགས་པའི་ཤུལ་ལུ་ རྒྱན་ཤོག་གཞན་ཅིག་ རྒྱལ་ཡོངས་དུས་སྟོན་ཚུ་དང་འཁྲིལ་ གསར་བཏོན་འབད་ནུག།
རྒྱན་ཤོག་གི་ ལས་འཆར་༢ ཀྱི་ཐོག་ལས་ རྒྱན་ཤོག་ཡིག་ཚང་གིས་ ན་ཧིང་ སྤྱི་ཟླ་༡༡ པ་དང་༡༢ པའི་ནང་ རྒྱལ་ཁ་ཐོབ་མི་ཚུ་ལུ་ དངུལ་ཀྲམ་ས་ཡ་༡༦ དེ་ཅིག་དང་ དུས་ཅི་སྤྱི་ཟླ་༡ པ་ལས་༥ པ་ཚུན་ དངུལ་ཀྲམ་ས་ཡ་༢༢ གསོལ་རས་སྦེ་ བྱིན་ཡོདཔ་ཨིན་པས།
རྒྱན་ཤོག་ཉོ་མི་ཚུ་ལུ་ ཁྱིམ་རྐྱབ་ནི་དང་ བསྐྱིན་ཚབ་བཏབ་ནི་ལུ་ ཕན་ཁྱད་བྱུང་ཡོདཔ་ད་ ཐིམ་ཕུག་ཨོ་ལ་ཁ་ལུ་ སྣུམ་འཁོར་བཅོ་ཁང་ཅིག་ནང་ ལྕགས་མཐུད་ཀྱི་ ལཱ་འབད་མི་ སྐྱེས་ལོ་༢༤ ལང་མི་ པདྨ་སེངྒེ་གི་ མི་ཚེ་དེ་ཡང་ བསྒྱུར་བཅོས་སོང་ནུག།
པདྨ་སེངྒེ་གིས་ཡང་ རྒྱན་ཤོག་གི་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་ས་ཡ་༡ ཐོབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དར་དཀར་དཔལ་ལ་ལུ་ ཁོ་གི་གཡུས་ཁར་ ཁྱིམ་རྐྱབ་ནིའི་དོན་ལུ་ བསྐྱིན་འགྲུལ་ལེན་མི་དེ་ རྩིས་མེདཔ་སྦེ་ བཟོ་ཚུགས་ཅི་ཟེར་ཨིན་པས།
སྐྱེས་ལོ་༡༤ ལས་ སྣུམ་འཁོར་བཅོ་ཁང་ནང་ ལཱ་འབད་ནི་ འགོ་བཙུགས་མི་ པདྨ་སེངྒེ་གིས་ སླབ་མིའི་ནང་ ཁོ་གི་མི་ཚེའི་ནང་ ད་རེས་འགོ་དང་པ་ དངུལ་ཁང་ནང་ ཏི་རུ་གསོག་འཇོག་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ བསྐྱིན་ཚབ་དངུལ་ཀྲམ་༤༠༠,༠༠༠ བཏབ་ཡོདཔ་ལས་ ལྷག་ལུས་དངུལ་ཀྲམ་༦༠༠,༠༠༠ ཡོད་མི་དེ་ ཁོ་རའི་ཨ་ལོ་ སྐྱེས་ལོ་༥ ལང་མི་ལུ་ ཤེས་ཡོན་བྱིན་ནི་དང་ སྣུམ་འཁོར་ཀཱར་ཅིག་ ཉོ་ནིའི་དོན་ལུ་ ལག་ལེན་འཐབ་འོང་ཟེར་ བཤདཔ་ཨིན་པས།
ད་རུང་ རྒྱན་ཤོག་གི་ གསོལ་རས་ཐོབ་མི་གཞན་ རྩི་རང་འགྲམ་ཕུག་སློབ་གྲྭ་ལྟེ་བའི་ བཱསི་གི་དེད་གཡོགཔ་ བཱལ་བྷ་དུར་རའི་ཨིནམ་ད་ ཁོ་གིས་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ རྒྱལ་ཡོངས་དུས་ཆེན་གྱི་སྐབས་ བམ་པར་ཟེར་མི་ རྒྱན་ཤོག་གི་ ཨང་གཉིས་པའི་གསོལ་རས་ དངུལ་ཀྲམ་ས་ཡ་༡ ཐོབ་མི་དེ་ ཊི་པར་ཊག་ཅིག་ ཉོ་ནིའི་དོན་ལུ་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
སྐྱེས་ལོ་༤༣ ལང་མི་ དེད་གཡོགཔ་གིས་ སླབ་མིའི་ནང་ རྒྱན་ཤོག་གི་ གྲུབ་འབྲས་མ་བཏོན་པའི་ ཉིནམ་༡ གི་ཧེ་མར་ ཁ་རྗེའི་རྒྱན་ཤོག་ཕུད་རྡོག་གཅིག་ ཉོ་ཡི་ཟེར་ཨིན་པས།
རྒྱན་ཤོག་ཡིག་ཚང་གི་ ཚོང་འབྲེལ་འཛིན་སྐྱོང་པ་ ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ རྒྱན་ཤོག་གི་ གསོལ་རས་མང་ཤོས་ར་ བཟའ་ཚང་ཉམ་ཆུང་གི་ མི་ཚུ་གིས་ ཐོབ་སྟེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ལུ་ རྒྱན་ཤོག་བཙོང་མི་ ལུང་ཕྱོགས་ངོ་ཚབ་༩ དང་ ཡན་ལག་ངོ་ཚབ་༡༩༢ ཡོདཔ་ཨིན་པའི་གནས་ཚུལ།

འབྲུག་རྒྱལ་འཛིན་རྒྱན་ཤོག་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་གྱིས་ དེད་གཡོགཔ་ཨོམ་པར་ཀཱཤ་ མོང་གར་དང་ གནས་ཚང་ལུ་ རྒྱན་ཤོག་གི་ གསོལ་རས་སྤྲོད་པའི་བསྒང་།