ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ མི་༦༢༨ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ འགྲེམ་ཐོག་རྒྱན་ཤོགས་ལྷན་ཐབས་ཁོངས་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་སྐྱུར་མི་༢,༥༧༥ ཡོད་ མི་ལས་ ཁ་ཙ་ ཉིནམ་དང་པའི་ནང་ མི་གྲངས་༦༢༨ ཀྱིས་ ཚོགས་རྒྱན་བཙུགས་པར་འོང་ནུག།
རྫོང་ཁག་དེ་ནང་ འགྲེམ་ཐོག་རྒྱན་ཤོགས་ལྷན་ཐབས་ཁོངས་༥ གཞི་བཙུགས་འབད་ཡོདཔ་བཞིན་དུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་དོན་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༢༣༩ ལས་༢༧༩ འགྲེམ་ཐོག་ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ དེ་ཚུ་གི་གྲས་ལས་༡༣༢ ཕོ་སྐྱེས་དང་༡༤༧ ཨམ་སྲུ་ཨིན་པས།
དེ་བཟུམ་སྦེ་ བཙོན་ཁང་གི་ ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་འབད་མི་༡༠ ཡོད་ས་ལས་ བཙོན་པ་༩ གིས་ ཚོགས་རྒྱན་བཙུགས་ནུག།
བདེ་བ་ཐང་ཡན་ལག་ཁྲོམ་གྱི་དོན་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༨༡༤ ཡོད་མི་ལས་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་ནང་ གཞི་བཙུགས་འབད་མི་ ལྷན་ཐབས་ས་ཁོངས་ནང་ ཕོ་སྐྱེས་༡༣༦ དང་ ཨམ་སྲུ་༡༠༨ འོང་ནུག།
ཇོ་མོ་གཙང་ཁ་ལུ་འབད་བ་ཅིན་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ཀྱི་དོན་ལུ་ མི་༡༣༠ གིས་ ཐོ་བཀོད་འབད་ཡོད་མི་ལས་ ཕོ་སྐྱེས་༡༦ དང་ ཨམ་སྲུ་༡༥ འགྲེམ་ཐོག་ཚོགས་རྒྱན་བཙུགས་པར་འོང་ནུག།
དེ་ལས་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་དོན་ལུ་ ཕུན་ཚོགས་ཐང་སློབ་གྲྭ་བར་མའི་ནང་ གཞི་བཙུགས་འབད་མི་ ཚོགས་རྒྱན་ས་ཁོངས་ནང་ ཕོ་སྐྱེས་༦༤ དང་ ཨམ་སྲུ་༡༠ འོང་ཡོདཔ་ད་ དེ་ནང་ ཐོ་བཀོད་འབད་མི་༣༨༢ ཡོདཔ་ཨིན་པས།
ཚོགས་རྒྱན་ས་ཁོངས་ཚུ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ སྒོ་ཕྱེ་བཞག་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ཚུ་ཡང་ བཙར་རེ་ནར་རེ་ འོང་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *