༉ ཀྲོང་གསར་རྫོང་ཁག་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཀྱི་དོན་ལུ་ མི་༣,༣༣༣ གྱིས་ ཐོ་བཀོད་འབད་མི་ལས་ ཁ་ཙ་ ཉིནམ་དང་པའི་ནང་ ཨམ་སྲུ་༦༤༡ དང་ ཕོ་སྐྱེས་༥༤༠ འབདཝ་ད་ མི་༡,༡༨༡ འགྲེམ་ཐོག་ཚོགས་རྒྱན་པར་འོང་ནུག།
ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཨམ་སྲུ་༡,༧༣༦ དང་ ཕོ་སྐྱེས་༡,༥༩༧ གྱིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
རྫོང་ཁག་ནང་ ལྷན་ཐབས་ས་ཁོངས་ཚུ་ཡང་ མི་རློབས་དང་འཁྲིལ་ཏེ་ ཤེས་རབ་གླིང་སློབ་གྲྭ་ལྟེ་བ་དང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ དེ་ལས་ གླང་མཐིལ་སློབ་གྲྭའི་ ས་ཁོངས་ཚུ་ནང་ བཟོ་སྟེ་ཡོདཔ་ཨིན་པས།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ ལྷན་ཐབས་ས་ཁོངས་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་༡,༦༡༣ ཀྱིས་ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ནང་༡,༡༩༢ དང་ གླང་མཐིལ་སློབ་གྲྭ་ནང་ ཁྱད་ཚད་ལྡན་མི་༥༢༨ ཀྱིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
དེ་བཟུམ་མའི་ མཐུན་རྐྱེན་སྤྱོད་མི་ མང་ཤོས་ར་ ཞི་གཡོགཔ་དང་ སློབ་ཕྲུག་ ནང་གི་ཨམ་ དེ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་ཨིན་པས།
ཤེས་རབ་གླིང་ལུ་ འགྲེམ་ཐོག་ཚོགས་རྒྱན་ འགོ་དང་པ་ བཙུགས་པར་འོང་མི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་ནིའི་ གོ་སྐབས་ཐོབ་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ སྐྱེས་ལོ་༡༩ ལང་མི་ ལསི་མཱན་ ཤར་མ་གིས་འབད་བ་ཅིན་ ན་གཞོན་ག་ར་འབད་རུང་ ཚོགས་རྒྱན་བཙུགས་ནི་ནང་ བཅའ་མར་གཏོགས་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༡༨ ལང་མི་ ཀརྨ་ཡེ་ཤེས་ཀྱིས་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་ཡང་ མི་སྡེ་བརྡ་བརྒྱུད་དང་ གནས་ཚུལ་གསར་ཤོག་ཚུ་ལས་ ཤེས་ཡོདཔ་ལས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་བཙག་འཐུ་འབད་ནི་ལུ་ ཐག་བཅད་དེ་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ བཤདཔ་ཨིན་པས།
ནི་ཀ་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ འབྲེལ་ཡོད་ལས་སྡེ་གིས་ ཚོགས་རྒྱན་ལྷན་ཐབས་ས་ཁོངས་དེ་ མ་འོངས་པ་ལུ་ དེ་བ་ལྷགཔ་སྦེ་ བཟོ་དགོཔ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ རང་སོའི་གཡུས་ཁ་ལུ་ ཚོགས་རྒྱན་བཙུགས་པར་ འགྱོ་བའི་སྐབས་ ལམ་ཐག་རིང་ནི་དེ་གིས་ ཟད་འགྲོ་གཏང་ཚུགས་པར་ ལཱ་ཁག་འོང་ནི་དང་ གཡུས་ཁར་ལྷོད་པའི་སྐབས་ ཕམ་སྤུན་ཆ་ཚུ་ལུ་ཡང་ ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ རྒྱུད་བསྐུལ་འབད་ནིའི་ ཉེན་ཁ་ཡོདཔ་ལས་ ལྷན་ཐབས་ས་ཁོངས་དེ་ ཁེ་ཕན་སྦོམ་འདུག་ཟེར་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ ལྷན་ཐབས་ས་ཁོངས་ནང་ མི་རེ་གཉིས་ཀྱིས་ ཚོགས་རྒྱན་འདྲ་པར་དང་ ཐོ་བཀོད་མ་འབད་བའི་ དཀའ་ངལ་དུམ་གྲ་རེ་ བྱུང་ཡོདཔ་མ་གཏོགས་ སྟབས་མ་བདེཝ་ སྦོམ་ག་ནི་ཡང་ མ་ཐོན་ཟེར་ཨིན་པས།
ཀྲོང་གསར་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་ ཁྱད་ཚད་ལྡན་མི་ ཚོགས་རྒྱན་སྐྱུར་མི་༡༠,༢༥༠ ཡོད་མི་ལས་ མང་ཤོས་ར་ བྲག་སྟེང་རྒེད་འོག་ནང་ ཡོདཔ་ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།