བློན་པོ་ ཌི་ཨེན་དུང་གཱལ།

ཁ་དང་ལགཔ་ རྟགས་མ་མཐུན་རུང་ རྒེད་འོག་༡༣༩ ནང་ སྐྱེལ་འདྲེན་གྱི་ ཞབས་ཏོག་མཁོ་སྤྲོད།

༉ ལོ་ངོ་༤ དེ་ཅིག་གི་ཧེ་མར་ ད་རེས་ཀྱི་ གཞུང་གིས་ མི་མང་ལུ་ སྐུལ་བསྒྲགས་འབད་བའི་སྐབས་ རྒེད་འོག་ཚུ་ནང་ འཁོར་ལམ་ཡོད་རེ་ཡོད་ཚད་གཅིག་ནང་ མི་མང་གི་དོན་ལུ་ སྐྱེལ་འདྲེན་ཞབས་ཏོག་ མཁོ་སྤྲོད་འབད་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།

དེ་ཡང་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གི་ཁས་བླངས་ལུ་ རྗེས་དཔྱད་འབདཝ་དང་འབྲེལ་ མོང་སྒར་དགྲ་མེད་རྩེ་-སྔ་ཚང་གི་ འཐུས་མི་ ཨྱོན་དབང་འདུས་ཀྱིས་ ད་རེས་ནངས་པར་ རྒྱལ་ཁབ་ནང་ རྒེད་འོག་༢༠༥ ཡོད་མི་ལས་༢༠༠ ནང་ འཁོར་ལམ་ལྷོད་ཡོད་དེ་རུང་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་མཁོ་སྤྲོད་འབད་མ་ཚུགས་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ཟེར་ གཞུང་ལུ་ དོགས་སེལ་གནང་དགོ་པའི་ དྲི་བ་ཞུ་ཡི།
འཐུས་མི་དེ་གིས་ དྲི་བ་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ཞུ་ཡོདཔ་ད་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ཌི་ཨེན་ དུང་གཱེལ་གྱིས་ མི་མང་སྐྱེལ་འདྲེན་བཱསི་བསྡོམས་༢༢༥ གིས་ ལམ་ཁག་༦༦ དེ་ཅིག་ནང་ མི་མང་ཡོངས་ལུ་ ཞབས་ཏོག་ཚུ་ བྱིན་དོ་ཟེར་ཞུ་ཡི།
དེ་ལས་ རྒེད་འོག་གི་ཐད་ལུ་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ཚོད་ རྒེད་འོག་༡༣༩ ནང་ སྐྱེལ་འདྲེན་གྱི་ ཞབས་ཏོག་ཚུ་ བཙུགས་ཡོདཔ་ཨིན་རུང་ ལྷག་ལུས་རྒེད་འོག་༦༦ ནང་ ཞབས་ཏོག་མཁོ་སྤྲོད་འབད་མ་ཚུགས་མི་དེ་ རྒེད་འོག་ལ་ལོ་ཅིག་ གཞུང་ལམ་བདའ་སྟེ་ཡོད་པའི་ཁར་ ལ་ལོ་ཅིག་ནང་ འཁོར་ལམ་གྱི་གནས་སྟངས་ བརྟན་ཏོག་ཏོ་མེད་ནི་དེ་གིས་ཨིན་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་འགོ་བཙུགས་པའི་སྐབས་ འཇམ་ཏོང་ཏོ་མེད་མི་དེ་ཡང་ འཁོར་ལམ་ཚུ་ ལམ་སེལ་ལས་ཁུངས་ཀྱི་ འོག་ལུ་ཨིནམ་ལས་ ལམ་གྱི་སྤུས་ཚད་ ག་དེ་སྦེ་ཡོདཔ་ཨིན་ན་དང་ སྐྱེལ་འདྲེན་ཞབས་ཏོག་བཙུགས་ནི་གི་ འོས་འབབ་ཡོད་མེད་ཚུ་ག་ར་ ལམ་ལུགས་དང་འཁྲིལ་ཏེ་ འབད་དགོ་ནི་དེ་གིས་ཨིན་ཟེར་ཨིན་པས།
གལ་སྲིད་ ལམ་ལུགས་དང་འཁྲིལ་ཏེ་ མ་འབད་བ་ཅིན་ སྐྱེལ་འདྲེན་ཞབས་ཏོག་སྤྱོད་མི་ མི་སེར་ཚུ་ལུ་ སྟབས་མ་བདེཝ་དང་ ཉེན་ཁ་ཚུ་ཡོད་ཟེར་ཞུ་ཡི།
གཞུང་གིས་ དེ་བཟུམ་མའི་ ཞབས་ཏོག་མཁོ་སྤྲོད་འབད་ནིའི་ཐད་ཁར་ གདམ་ཁ་དང་པ་དེ་ སྒེར་མི་ཚུ་ལུ་ བྱིན་དོ་ཡོདཔ་ཨིན་རུང་ ཁོང་གིས་ བརྩོན་ཤུགས་དང་ སྤྲོ་བ་བསྐྱེད་མ་བཏུབ་པ་ཅིན་རྐྱངམ་གཅིག་ གཞུང་གིས་འབད་ འགོ་འདྲེན་འཐབ་ཨིན་ཟེར་ བློན་པོ་གིས་ ཞུ་ཡི།
དཔེ་འབད་བ་ཅིན་ མགར་ས་རྫོང་ཁག་ནང་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་སྤྲོད་ནི་གི་དོན་ལུ་ ལོ་ངོ་༡ གི་རིང་ མི་སེར་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཡོད་རུང་ ཁོང་གིས་ སྤྲོ་བ་བསྐྱེད་མ་བཏུབ་པའི་ཤུལ་ལས་རྐྱངམ་གཅིག་ གཞུང་གིས་ གོང་ཚད་མར་ཕབ་ཐོག་ དུས་ཅི་ ཞབས་ཏོག་འགོ་བཙུགས་ཅི་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ སྣུམ་འཁོར་སྦོམ་ བཱསི་མ་ཐལ་བའི་ ས་ཁོངས་ཚུ་ནང་ མི་མང་ལུ་ ཞབས་ཏོག་སྤྲོད་ཐབས་ལུ་ འདས་པའི་ལོ་ངོ་༡ ནང་ར་ སྣུམ་འཁོར་བོ་ལེ་རོ་༤༧༠ ལུ་ གླ་འཁོར་སྦེ་ སྤྱོད་ཆོག་པའི་ གནང་བ་བྱིན་མི་དེ་ཡང་ གྲོང་གསེབ་ནང་ལས་ཕར་སྡོད་མི་ མི་སེར་ཚུ་ལུ་ སྐྱེལ་འདྲེན་གྱི་ ཞབས་ཏོག་ཐོབ་ཐབས་ལུ་ཨིན་ཟེར་ བརྒྱུད་འབྲེལ་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *