༉ ཀྲོང་གསར་རྫོང་ཁག་ནང་ གནས་སོར་བཏང་མི་ ཞི་གཡོགཔ་དང་ ལས་འཛིན་ དེ་ལས་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་གིས་ སྡོད་ཁྱིམ་མ་ཐོབ་པའི་ དཀའ་ངལ་དེ་ ད་ལྟོ་བར་ན་ཡང་ ཐོན་བཞིན་དུ་ར་འདུག།
དེ་ཡང་ རྒྱལ་ཁབ་ཀྱི་ རྫོང་ཁག་གཞན་བཟུམ་སྦེ་ ཀྲོང་གསར་རྫོང་ཁག་ནང་ཡང་ ཁྱིམ་གྱི་གྱངས་ཁ་དེ་ ཚད་ཅིག་ལས་བརྒལ་མེད་ནི་གིས་ཨིནམ་མ་ཚད་ ཁྱིམ་ལ་ལོ་ཅིག་གི་ མཐུན་རྐྱེན་ཚུ་ལེགས་ཤོམ་ མེད་མི་ལུ་བརྟེན་ཨིན་པས།
ལས་བྱེདཔ་ལ་ལོ་ཅིག་གི་ བདུན་ཕྲག་ལས་བཅད་དེ་དང་ ལ་ལོ་ཅིག་ ཟླཝ་ལང་རུང་ ཁྱིམ་འཚོལ་མ་ཐོབ་པའི་ དཀའ་ངལ་བྱུང་པའི་ཁར་ ཁྱིམ་ཐོབ་མ་ཚུགས་པའི་དཀའ་ངལ་གྱིས་ ངོ་ཤེས་འདྲིས་ཤེས་མེད་རུང་ ཁྱིམ་རུབ་སྟེ་ སྡོད་དགོཔ་བྱུངམ་ཨིན་པས།
ཀྲོང་གསར་ བཀྲིས་དངུལ་ཁང་ནང་ ལཱ་འབད་མི་ ཨོ་རྒྱན་བཀྲིས་ཀྱིས་ སླབ་མིའི་ནང་ རྫོང་ཁག་དེ་ནང་ གནས་སོར་འོང་པའི་སྐབས་ ཁྱིམ་མ་ཐོབ་པའི་ དཀའ་ངལ་དེ་ སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་དེ་ནང་ གནས་སོར་འོང་མི་ཚུ་ལུ་ ཁྱིམ་མ་ཐོབ་པའི་ དཀའ་ངལ་དེ་ བྱུང་ས་མཐོང་ཅི་ཟེར་ཨིནམ་ད་ ཁོ་གིས་ ཆ་རོགས་དང་ ཕམ་སྤུན་ཆ་ཚུ་དང་ བསྟུན་གྲོས་འབད་དེ་ བདུན་ཕྲག་གཅིག་གི་ རྒྱབ་ལས་རྐྱངམ་གཅིག་ ཁྱིམ་ཐོབ་ཅི་ཟེར་ཨིན་པས།
ཨོ་རྒྱན་བཀྲིས་ཁོ་ར་ ཀྲོང་གསར་ལུ་ལྷོད་དེ་ ཟླཝ་༣ དེ་ཅིག་ ལང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁྱིམ་ཐོབ་རུང་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁྱིམ་གྱི་ཁང་གླ་ཚུ་ ཚད་ལས་བརྒལ་ཏེ་ ལེནམ་མས་ཟེར་ཨིན་པས།
ཁོ་གིས་ ད་རེས་ ཁྱིམ་གྱི་ཁང་ལ་༥,༨༠༠ བྱིན་ཐོག་ལས་ སྡོད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་འཛིན་ཅིག་ནང་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ ཁོ་ར་ རྫོང་ཁག་ནང་ འགོ་དང་པ་ འོང་པའི་སྐབས་ ཁྱིམ་གྱི་དཀའ་ངལ་ལུ་ བྱུང་ཡོདཔ་བཞིན་དུ་ ཀྲོང་གསར་ལས་ ཀི་ལོ་མི་ཊར་༢༠ དེ་ཅིག་ ས་གནས་ ཚང་ཁ་ལས་ ཟླཝ་ཅིག་དེ་ཅིག་ འོང་དགོཔ་བྱུང་ཡི་ཟེར་ཨིན་པས།
ཀུན་བཟང་ཆོས་གྲགས་ཀྱིས་འབད་བ་ཅིན་ ཁྱིམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་དང་ ཁང་གླ་མངམ་ཡོད་ནི་དེ་གིས་ ཚར་༣ དེ་ཅིག་ སྤོབས་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ མང་སྡེ་ཆུ་དང་ ནི་ཀ་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེད་དང་ རྫོང་ཁག་ནང་ ལོ་བསྟར་བཞིན་དུ་ མི་རློབས་ཀྱི་ གྱངས་ཁ་ཡར་སེང་འགྱོ་མི་དང་ ས་གནས་ནང་ ཁྱིམ་གསརཔ་རྐྱབ་ནི་མེད་མི་ལུ་བརྟེན་ ཁྱིམ་མ་ཐོབ་པའི་ གདོང་ལེན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
མི་ཚུ་གིས་ བཤད་མིའི་ནང་ མི་ག་ར་ཨིན་རུང་ རྫོང་ཁག་ནང་ གནས་སོར་བཏང་མི་ཚུ་ འཇམ་ཏོག་ཏོ་སྦེ་ ཁྱིམ་ཐོབ་པའི་ ལོ་རྒྱུས་མ་གོ་ཟེར་ཨིནམ་ད་ ཁྱིམ་ཐོབ་རུང་ ལམ་ཐག་རིང་ས་ལས་ཕར་ ཐོབ་དོ་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ པདྨ་བཟང་མོ་གིས་ སླབ་མིའི་ནང་ ད་རེས་ ཀྲོང་གསར་རྫོང་ཁག་ནང་ ཁྱིམ་མ་ཐོབ་པའི་ དཀའ་ངལ་གཙོ་བོ་ར་ གློག་མེ་ལས་འགུལ་གྱི་ ལས་འགུལ་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གིས་ སླབ་མིའི་ནང་ ཧེ་མ་ ཁང་གླ་༢,༠༠༠ དེ་རེ་ འབད་མིའི་ཁྱིམ་གྱི་ ཁང་གླ་ཚུ་ ད་རེས་ནངས་པར་ དངུལ་ཀྲམ་༧,༠༠༠ ལུ་ ལྷོད་མི་དེ་ཡང་ ས་གནས་ནང་ ལས་འགུལ་ལུ་བརྟེན་ མི་རློབས་མངམ་ལྷོད་ཡོདཔ་ལས་ ཁྱིམ་གྱི་ཇོ་བདག་ཚུ་གིས་ རང་བཞིན་གྱིས་ ཁང་གླ་ཡར་སེང་འབདཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲོམ་སྡེ་གིས་ ཁྱིམ་གྱི་དཀའ་ངལ་དེ་ སེལ་འཐབ་མེད་རུང་ ད་རེས་ མང་སྡེ་ཆུ་གླག་མེ་ལས་འགུལ་དེ་ མཇུག་བསྡུ་ནི་གུ་ ལྷོད་དེ་ཡོདཔ་ལས་ ཁྱིམ་གྱི་དཀའ་ངལ་ཚུ་ རང་བཞིན་གྱིས་ སེལ་ཚུགས་ནི་ཨིན་པའི་ཁར་ ཁྱིམ་ནང་སྡོད་མི་ མེད་པའི་དཀའ་ངལ་ཡང་ འབྱུང་ནི་བཟུམ་འདུག་ཟེར་ ཨིན་པས།
ད་རིས་ ཀྲོང་གསར་ཁྲོམ་ནང་ རང་ལུགས་ཀྱི་སྡོད་ཁྱིམ་༤༢ དང་སྒྲིང་ཁྱིམ་༣༤ ཡོདཔ་ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།