ལྷ་མོའི་སྒྲུབ་ཆེན་གྱི་ སྐུ་འཆམ་གནང་པའི་བསྒང་།

ཀྲོང་གསར་ལུ་ ལྷ་མོའི་སྒྲུབ་ཆེན་ མཇུག་བསྡུ་ཡོདཔ།

༉ ཀྲོང་གསར་གྱི་ ལོ་བསྟར་གནང་སྲོལ་ཡོད་པའི་ ལྷ་མོའི་སྒྲུབ་ཆེན་དེ་ ཁ་ཙ་ གྲོལ་ཡོདཔ་ཨིན།

ཉིན་གྲངས་༣ གྱི་རིང་ ཕྱི་ཁ་རྡོ་ཅལ་ནང་གནང་ཡོད་པའི་ སྒྲུབ་ཆེན་དེ་ མཇུག་བསྡུ་ཡོདཔ་ད་ ད་རེས་ དུག་ཁང་ནངལུ་ ཟོར་འཆམ་རྒྱས་པ་ཟེར་ ཞྭ་ནག་༢༡ གི་ སྐུ་འཆམ་དང་ ནངས་པར་ ནོར་བུ་ཆུ་བཤགས་ནི་ཨིན་པས།

ལྷ་མོའི་སྒྲུབ་ཆེན་དོན་ལུ་ རང་ཟླ་༡༢ པའི་ཚེས་༢༢ ལུ་ བུམ་པ་བཀྲིས་སྐྱེལ་ཞིནམ་ལས་ སྒྲུབ་ཆེན་ དངོས་གཞི་གནང་ཡོདཔ་ད་ རང་ཟླ་༡ པའི་ཚེས་༤ ལུ་ དབང་མཆོད་ཆེན་མོ་གནང་ཡོདཔ་ཨིན་པས།

ཀྲོང་གསར་ལུ་ ལྷ་མོའི་སྒྲུབ་ཆེན་དེ་ སྤྱི་ལོ་༡༩༨༦ ལོར་ སྐྱབས་རྗེ་ཁྲི་རབ་༦༨ པ་ བསྟན་འཛིན་དོན་གྲུབ་སྐབས་ལུ་ གསར་བཙུགས་མཛད་ཡོདཔ་ད་ ད་རེས་ རྒྱལ་ཁབ་ནང་ རྫོང་གཞི་ཁག་ཚུ་གི་གྲས་ལས་ ཀྲོང་གསར་ལུ་རྐྱངམ་ཅིག་ ལྷ་མོ་དང་ མགོན་པའི་སྒྲུབ་ཆེན་༢ ཆ་ར་ གནང་དོ་ཡོདཔ་ཨིན་པས།

ཀྲོང་གསར་རབ་སྡེའི་ བླམ་གནས་བརྟེན་ དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ན་ སྐྱབས་རྗེ་ཞིང་བཤེགས་ བསྟན་འཛིན་དོན་གྲུབ་མཆོག་ ཁྲི་ཐོག་བཞུགས་པའི་སྐབས་ སྤ་རོ་ དབང་འདུ་དང་ ཀྲོང་གསར་ལུ་ མགོན་པའི་ དབང་མཆོད་གསར་བཙུགས་གནང་ནི་སྦེ་ ཡོདཔ་བཞིན་དུ་ རྫོང་གཞི་༣ ལས་ གསུང་ཆོས་ནང་འབྲེལ་བ་ཡོད་པའི་ བླ་སློབ་ག་ར་ སྤུ་ན་ཁ་དང་ ཐིམ་ཕུག་གི་ སྒྲུབ་ཆེན་གནང་སར་འབོ་སྟེ་ སྦྱང་བ་བྱིན་ཡོདཔ་སྦེ་ཨིན་པས།

ཀྲོང་གསར་ལུ་ དཔལ་ལྡན་ལྷ་མོའི གནས་ཁང་གཙོ་བོ་ཅིག་ཨིནམ་ལས་ ལྷ་མོའི་སྒྲུབ་ཆེན་དེ་ གཞི་བཙུགས་འབད་ཡོདཔ་སྦེ་ཨིན་པས།

ནད་ཡམས་ཉེན་སྲུང་དང་འབྲེལ་ ཕྱི་ཁ་ལས་ མི་ཚུ་ སྒྲུབ་ཆེན་མཇལ་བ་མེདཔ་ད་ གྲྭ་ཚང་གི་དགེ་སློང་དང་ རྫོང་ཁག་གི་ འགོ་དཔོན་ཚུ་རྐྱངམ་ཅིག་ བཅའ་མར་གཏོགས་ཡོདཔ་ཨིན།

རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་༡༩ ལས་བསྟེན་ འགྲོ་འགྲུལ་བཀག་དམ་ཐེངས་༢ པའི་སྐབས་ ལོ་བསྟར་གནང་སྲོལ་ཡོད་པའི་ ཀྲོང་གསར་ཚེ་བཅུ་ཡང་ དེའི་་སྐབས་ཕོག་ཡོདཔ་ལས་ ཚེས་བཅུ་དེ་ ཕར་ཕུད་རྐྱབ་ཡོདཔ་ལས་ ད་རེས་ རང་ཟླ་༡ པའི་ཚེས་༡༠ ལས་༡༢ ཚུན་ ཉིན་གྲངས་༣ གྱི་རིང་གནང་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *