༉ སྐྱེས་ལོ་༧༨ ལང་མི་ ཨ་རྒས་དམ་ཆུ་དེ་ ལོ་ན་རྒས་ནི་དེ་གིས་ མིག་ཏོ་ལེགས་ཤོམ་སྦེ་ མཐོང་མ་ཚུགས་པའི་ཁར་ ཁེ་རྒོ་མེད་རུང་ བྱ་ཐབས་མེད་པར་ ཁོ་རའི་ གེ་ཟ་ཞིང་ནང་ ར་བ་རྐྱབ་ནིའི་དོན་ལུ་ ཚལ་མ་ནང་ལས་ ཤིང་ཚུ་འབག་འགྱོཝ་ཨིན་པས།
ཤིང་དུམ་ཚུ་ཡང་ རིངམོ་སྦེ་བཏོགས་འབག་ཡོདཔ་ལས་ ཨ་རྒས་ཀྱིས་ བཀྲིས་སྡིངས་ཁའི་གཞུང་ལམ་བདའ་སྟེ་ འགྲོས་ཀྱིས་སྦེ་འབག་འགྱོ་དོ་ཡོད་རུང་ ཁོ་ར་ ལོ་ན་རྒས་ནི་དེ་གིས་ ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ བཀགཔ་ཨིན་པས།
ཨ་རྒས་དམ་ཆུ་གིས་ བཤད་མིའི་ནང་ གཡུས་ས་དང་ སྟག་རྩེ་གཡུས་ཚན་ཚུ་བསྐོར་ཏེ་ གློག་ཐག་བསྒོར་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ལཱ་འབད་མ་བཏུབ་ལས་ རི་ཕག་དང་ བྱི་ཐུར་ཚུ་གིས་ ལོ་ཐོག་ཚུ་ མེདཔ་བཏང་སྟེ་ འབད་མ་ཚུགས་ཟེར་ཨིན་པས།
གཡུས་ཁའི་མི་ཚུ་གིས་ བཤད་མིའི་ནང་ ཉི་མ་སྤྱ་གིས་ གནོདཔ་བཀལ་བའི་ཁར་ ཕྱི་རུ་ཕགཔ་གིས་ གནོད་རྐྱབ་མི་ལུ་བརྟེན་ མི་ཚུ་ག་ར་ ལོ་ཐོག་བསྲུང་ནིའི་དོན་ལུ་ ཉིན་ནུབ་མེད་པར་ དཀའཝ་སྤྱད་དེ་ སྡོད་དགོཔ་ཐོན་ཏེ་འདུག།
སྟག་རྩེ་ཚོགས་པ་ རིག་འཛིན་གྱིས་ བཤད་མིའི་ནང་ སྤྱི་འོག་དེ་ནང་ གློག་ཐག་རཝ་ཚུ་ ཀི་ལོ་མི་ཊར་༡༦ དེ་ཅིག་ཡོད་མི་ཚུ་ག་ར་ བཟོ་ཚར་ཡོད་རུང་ སྟག་རྩེ་གི་ལྟག་ལས་ སོ་ནམ་ཞིང་ལམ་ཅིག་ སེལ་བའི་བསྒང་ཡོད་མི་དེ་གིས་ གནོད་སྐྱོན་རྐྱབ་ཡོད་རུང་ དུས་ཚོད་གཞན་ཁར་ གློག་ཐག་དེ་ ལག་ལེན་འཐབ་བཏུབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་ཐག་དེ་གིས་ ཕན་ཐོགས་སྦོམ་ཡོད་རུང་ གློག་ཐག་དེ་ རྩྭ་དང་གཅིག་ཁར་རེགཔ་ད་ ལཱ་འབད་མ་བཏུབ་ནི་དེ་གིས་ ཟླཝ་རེ་ནང་ ཉུང་ཤོས་ཐེངས་༣ དེ་ཅིག་ རྩྭ་བརྔ་དགོ་ནི་དེ་གིས་ ལཱ་ལེ་ཤ་འབད་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ གཡུས་ཚན་ནང་ ཤ་བདའ་མི་མེདཔ་ལས་ རི་ཕག་ཚུ་ ནོར་བཟུམ་སྦེ་ སྦོམ་སྦེ་ཡོད་པའི་ཁར་ འཕྲལ་འཕྲལ་ར་ ནོར་དང་གཅིག་ཁར་ ཆག་ཚུ་ཟ་སྟེ་སྡོདཔ་མས་ཟེར་ཨིནམ་ད་ ཨམ་སྲུ་ཚུ་གིས་ བདའ་བའི་སྐབས་ འགྱོ་མི་བཏུབ་པས་ཟེར་ཨིན་པས།
གློག་ཐག་དེ་གིས་ སེམས་ཅན་ཚུ་ བདའ་གཏང་ནི་ལུ་ ཕན་ཐོགས་དོ་ཡོད་རུང་ སེམས་ཅན་ཚུ་གིས་ གློག་ཐག་ལུ་ དྲི་མནམ་བལྟ་སྟེ་ གློག་ཐག་ནང་ གློག་རྒྱུན་མེདཔ་ཡང་ ཤེས་པས་ཟེར་ཨིནམ་ད་ སྤྱ་ཚུ་གིས་ གློག་ཐག་མ་རེགཔ་སྦེ་ འགྱོ་ཤེས་ནི་དེ་གིས་ ལོ་ཐོག་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ གེ་ཟ་མང་ཤོས་ར་ ཕགཔ་ཚུ་གིས་ ཟ་ཚར་དོ་ཡོད་པའི་ཁར་ གཡུས་ཚན་གྱི་ཉེ་འདབས་ལུ་ རི་ཕག་གི་ཨའི་ སྦོམ་གཉིས་དང་གཅིག་ཁར་ ཕྱུག་གུ་༤༠ དེ་ཅིག་ ཁྱིད་འགྱོ་སར་མཐོངམ་ལས་ ཕགཔ་གི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ བཀྲིས་བསྟན་འཛིན།