བཀྲིས་སྤོག་ཏོ་ལུ་ ཐུབ་བསྟན་ཆོས་གླིང་དགོན་སྡེ་སློབ་གྲྭ་ སྒོ་འབྱེད་འབད་བའི་བསྒང་།

ཀྲོང་གསར་ལུ་ དགོན་སྡེ་སློབ་གྲྭ་གསརཔ་ཅིག་ སྒོ་འབྱེད་འབད་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༤༡ བཞེད་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ནི་དང་འབྲེལ་ ཁ་ཙ་ ཀྲོང་གསར་རབ་སྡེ་གིས་ གཞི་རིམ་སློབ་གྲྭ་གསརཔ་ཅིག་ སྒོ་འབྱེད་འབད་ཡི།

བཀྲིས་སྤོག་ཏོ་ལུ་ སྒོ་འབྱེད་འབད་མི་ ཐུབ་བསྟན་ཆོས་གླིང་དགོན་སྡེ་སློབ་གྲྭ་དེ་ ཀྲོང་གསར་རབ་སྡེའི་ བླམ་གནས་བརྟན་གྱིས་ རབ་གནས་འབད་ཡོདཔ་ད་ ད་རེས་ སློབ་གྲྭ་དེ་ནང་ དགེ་སློང་སློབ་ཕྲུག་༤༡ དེ་ཅིག་ ཡོདཔ་ཨིན་པས།

གཞི་རིམ་སློབ་གྲྭ་དེ་ནང་ ཀུན་དགའ་རབ་བརྟན་གྱི་ དགེ་སློང་ཚུ་ སྤོ་ཡོདཔ་ད་ ས་གནས་ནང་ སློབ་གྲྭ་གཞི་བཙུགས་མ་འབད་ཚུན་ ལོ་ངོ་༡༨ དེ་ཅིག་རིང་ ཀྲོང་གསར་རབ་སྡེའི་ དགེ་སློང་ཚུ་ ཀུན་དགའ་རབ་བརྟན་ལུ་ བཞུགས་ཡོདཔ་ཨིན་པས།

སློབ་གྲྭའི་དབུ་འཛིན་ རྡོ་རིང་སྤྲུལ་སྐུ་གིས་ སླབ་མིའི་ནང་ ད་རེས་ ས་གནས་ནང་ གཞི་རིམ་སློབ་གྲྭ་ གཞི་བཙུགས་འབད་མི་དེ་གིས་ མང་སྡེ་མཚོ་བཞི་དང་ ལྷག་པར་དུ་ ས་གནས་ཀྱི་ མི་ཚུ་ལུ་ གསོན་གཤིན་༢ ཀྱི་ རིམ་གྲོ་འབད་བའི་སྐབས་ བླམ་ཆོསཔ་མ་ལང་པའི་ དཀའ་ངལ་སེལ་ཐབས་འབད་ཚུགས་ནི་ཨིན་པས།

དགེ་འདུན་སློབ་གྲྭ་དེ་ནང་ འཛིན་རིམ་༨ པ་ཚུན་ དཔེ་ཆ་ལྷབ་ཚར་བའི་ཤུལ་ལས་ ཀྲོང་གསར་གྲྭ་ཚང་དང་ ཀྲོང་གསར་རབ་སྡེའི་འོག་ལུ་ཡོད་པའི་ གྲྭ་ཚང་ཚུ་ནང་ གཏང་ནི་ཨིནམ་ད་ མ་འོངས་པ་ལུ་ དགེ་སློང་༡༠༠ དེ་ཅིག་ བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།

ས་གནས་ནང་ལས་ མི་ཅིག་གིས་ སླབ་མིའི་ནང་ ཧེ་མ་ བླམ་ཆོསཔ་མ་ལང་པའི་ དཀའ་ངལ་ཡོད་མི་དེ་ བསལ་ཚུགས་ནི་ཨིན་པའི་ཁར་ མི་ཚུ་གིས་ ཨ་ལོ་ཚུ་ དགེ་སློང་ནང་བཙུགས་རུང་ དགེ་འདུན་སློབ་གྲྭ་དེ་ རང་གི་ ས་གནས་ནང་ཡོདཔ་ལས་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

བཀྲིས་སྤོག་ཏོ་གི་ཚོགས་པ་ རྩ་རྒས་ཆེ་བས་གིས་ སླབ་མིའི་ནང་ ས་གནས་ནང་ དགེ་འདུན་སློབ་གྲྭ་ གཞི་བཙུགས་འབད་མི་དེ་གིས་ ས་གནས་ཀྱི་མི་ཚུ་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

མ་འོངས་པ་ལུ་ དགེ་འདུན་སློབ་གྲྭ་དེ་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོད་པའི་ཁར་ ཀྲོང་གསར་རབ་སྡེའི་འོག་ལུ་ གཞི་རིམ་སློབ་གྲྭ་ གཙོ་བོ་ཅིག་སྦེ་ བཟོ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *