ས་རུད་ཀྱིས་བསུབས་མིའི་འཁོར་ལམ།

ཀྲོང་གསར་ལུ་ གཞུང་ལམ་བསུབས་མི་དེ་ ད་རིས་ བསལ་ཚརཝ་འབད་ནི།

༉ སྦྱིས་ཟམ་དང་ ཀྲོང་གསར་ཁྲོམ་བར་ན་ གཞུང་ལམ་བསུབས་མི་དེ་ ད་རིས་ཕྱི་རུ་ཁམས་ཅིག་ཁར་ བསལ་ཚར་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
ཨིན་རུང་ ཀྲོང་གསར་རྫོང་ཁག་བདག་སྐྱོང་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ དེ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ སྣུམ་འཁོར་ཚུ་ཡང་ ཁ་ཙ་ དྲོ་པའི་ཆུ་ཚོད་༡༡ ལས་ ནི་ཀ་ཆུ་གློག་མེ་འཕྲུལ་ཁང་གི་ ཟུར་ལམ་བརྒྱུད་དེ་ གཏང་ནི་འགོ་བཙུགས་ཡོདཔ་ཨིན་པས།
གཞུང་ལམ་དེ་ཡང་ ཁ་ཙ་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ སྦྱིས་ཟམ་ལས་ ཀྲོང་གསར་ཁྲོམ་ཁ་ཐུག་ ཀི་ལོ་མི་ཊར་༢ དེ༌ཅིག༌གི་ས་གནས་ནང་ ལམ་ལྟག་ལས་མར་ ས་སྐམ་ཆད་འོང་ལུ་བརྟེན་ བསུབས་ཡོདཔ་ཨིན་པས།
ཀྲོང་གསར་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ཁ་ཙ་ ཀྲོང་གསར་ལུ་ ཆརཔ་མ་རྐྱབ་རུང་ ས་སྐམ་དང་ རྡོ་བུད་འོང་མི་ལུ་བརྟེན་ ཆད་འོང་ནུག་ཟེར་ཨིནམ་ད་ དེ་ནང་ ཤར་ནུབ་གཞུང་ལམ་རྒྱ་སྐྱེད་ཀྱི་ ས་བཅད་ལཱ་དེ་ཡང་ ཧེ་མ་ལས་ འབད་ཚར་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་ལྟག་ལས་མར་ ས་སྐམ་ཆད་འོང་མི་ཚུ་ བསལ་ནིའི་དོན་ལུ་ ས་རྐོ་འཕྲུལ་ཆས་༣ དང་ རྡོ་དཀྲུམ་འཕྲུལ་ཆས་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ སླབ་མིའི་ནང་ མ་གཞི་ ནི་ཀ་ཆུ་གློག་མེ་ལས་འགུལ་གྱི་ ཟུར་ལམ་གུ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མི་བཅུག་དོ་ཡོད་རུང་ སྣུམ་འཁོར་ཚུ་ ལམ་ཁར་ཐོགས་ལུས་མི་བཅུག་ནིའི་དོན་ལུ་ ཟུར་ལམ་ལག་ལེན་འཐབ་ཆོག་པའི་ གནང་བ་བྱིན་ཏེ་ཡོད་ཟེར་ཨིནམ་ད་ ཟུར་ལམ་དེ་ལས་ ཀྲོང་གསར་ཁྲོམ་ཚུན་ ཀི་ལོ་མི་ཊར་༢༠ དེ་ཅིག་ ཡོདཔ་ཨིན་པས།
ཨིན་རུང་ ཟུར་ལམ་དེ་ ཆུང་ཀུ་ཡོདཔ་ལས་ ས་རྐོ་འཕྲུལ་ཆས་འབག་མི་ སྣུམ་འཁོར་ཆེ་བ་ཚུ་ མི་ཐལ་དོ་ཡོདཔ་ཨིན་པས།
བཟོ་རིག་གཙོ་འཛིན་གྱིས་ སླབ་མིའི་ནང་ ལམ་ལྟག་ལས་མར་ རྡོ་སྦོམ་ཚུ་ བུད་འོང་མི་ལུ་བརྟེན་ བསལ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ད་རིས་ བསལ་ཚརཝ་འབད་ནི་གི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *