༉ ཀྲོང་གསར་རྫོང་ཁག་ནང་ ད་ལྟོ་ཡོད་མི་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ཚུ་ནང་ ཕྱགས་སྙིགས་དང་འབྲེལ་བའི་དཀའ་ངལ་མར་ཕབ་འབད་ཐབས་ལུ་ རྫོང་ཁག་བདག་སྐྱོང་གིས་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནི་ འགོ་བཙུགས་ནུག།
དེ་ཡང་ རྫོང་ཁག་ནང་ མི་རློབས་ཡར་སེང་འགྱོ་མི་དང་ ཕྱགས་སྙིགས་མང་སུ་ཐོན་མི་ལུ་བརྟེན་ ལོ་ངོ་བཅུ་ཐམ་གྱི་དོན་ལུ་ བཟོ་ཡོད་མི་ ཕྱགས་སྙིགས་བཀོ་ས་དེ་ སྤྱི་ལོ་༢༠༡༣ ལུ་ གང་སོཔ་ལས་ ཐབས་ཤེས་བཏོན་དགོཔ་ བྱུང་ཡོདཔ་ཨིན་པས།
རྫོང་ཁག་རང་བཞིན་གནས་སྟངས་ཀྱི་འགོ་དཔོན་ ཚེ་རིང་གཡང་འཛོམས་ཀྱིས་འབད་བ་ཅིན་ རྫོང་ཁག་ནང་ ས་ཐང་དཀོན་སུ་ཅིག་ལས་བརྒལ་མེདཔ་ལས་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ཐོབ་པར་ ལཱ་ཁག་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་གིས་ ཧེ་མ་ལས་ཡོད་མི་ ཕྱགས་སྙིགས་བཀོ་ས་དེ་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནི་དང་ ཐབས་ཤེས་ཚུ་བཏོན་ནིའི་ འཆར་གཞི་བརྩམས་ཡོདཔ་ད་ དེ་གི་དོན་ལུ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ མི་སྡེ་མཉམ་འབྲེལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༧.༣ བྱིན་ཏེ་ཡོདཔ་ཨིན་པས།
ཕྱགས་སྙིགས་བཀོ་ས་ ལོག་ལག་ལེན་འཐབ་བཏུབ་བཟོ་ནིའི་ལཱ་ཚུ་ འབད་ཚར་ཡོདཔ་ལས་ ཟླཝ་ཅིག་ནང་ ཕྱགས་སྙིགས་སྐམ་ཚུ་ ཚར་༤ རེ་དང་ རློནམ་ཚུ་ཚར་༢ རེ་བསྡུ་བསྒྱོམ་འབད་ནི་ཨིན་པས།
ཚེ་རིང་གཡང་འཛོམས་ཀྱིས་ བཤད་མིའི་ནང་ ཡིག་ཚང་ནང་ འགྱོ་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་བཟོ་ཐབས་ལུ་དམིགས་ཏེ་ ཕྱགས་སྙིགས་ཚུ་ བདུན་མཐའི་ནང་ཡང་ བསྡུ་ལེན་འབད་འོང་ཟེར་ཨིནམ་ད་ ཕྱགས་སྙིགས་སྐམ་ཚུ་ རེས་གཟའ་ཉི་མ་དང་ ཕུར་བུ་ལུ་ བསྡུ་ནི་དང་ རློནམ་ཚུ་ རེས་གཟའ་ཟླ་བ་་དང་ པ་སངས་ལུ་ བསྡུ་ནི་ཨིན་པས།
མོ་གིས་འབད་བ་ཅིན་ ཕྱགས་སྙིགས་བསྡུ་ལེན་དེ་ རྫོང་ནང་ཡང་ འབད་ནི་གི་ འཆར་གཞི་ཡོད་རུང་ ད་ལྟོ་ ཁྲོམ་སྡེ་ནང་འཁོད་ལས་ འགོ་བཙུགས་འོང་ཟེར་ཨིནམ་ད་ མོ་གིས་ ཁྲོམ་སྡེའི་འགོ་དཔོན་ཚུ་དང་གཅིག་ཁར་ སྣུམ་འཁོར་ཊཱག་ཚུ་གིས་ བསྡུ་བསྒྱོམ་འབད་བའི་སྐབས་ ཕྱགས་སྙིགས་ཚུ་ ཕྱི་སེལ་རྐྱབ་སྟེ་ཡོད་མེད་ ལྟ་རྟོག་འབད་དོ་ཟེར་ བཤདཔ་ཨིན་པས།
རྒེད་འོག་དང་ སྤྱི་འོག་ཚུ་ནང་ ཕྱགས་སྙིགས་རློནམ་ཚུ་ ལྡུམ་རའི་ནང་ ལག་ལེན་འཐབ་ནི་དེ་གིས་ དཀའ་ངལ་མེད་རུང་ ཕྱགས་སྙིགས་སྐམ་ཚུ་གི་ཐད་ལུ་ རྒེད་འོག་ནང་མ་གཏོགས་ སྤྱི་འོག་ཚུ་ནང་ མ་དངུལ་མེདཔ་ལས་ བསྡུ་བསྒྱོམ་འབད་མ་ཚུགས་པར་ཡོད་ཟེར་ཨིན་པས།
ད་ཚུན་ ཁྲོམ་སྡེ་ནང་ ཕྱགས་སྙིགས་བསྡུ་མི་ ཊེག་ཊར་གཅིག་ལས་བརྒལ་མེདཔ་ལས་ གདོང་ལེན་བྱུང་ཡོད་མི་དེ་ ད་ལས་ཕར་ གློག་མེ་ལས་འགུལ་གྱིས་ སྣུམ་འཁོར་ཊེག་ཊར་༢ བྱིན་ཡོདཔ་ལས་ ཕན་ཐོགས་འབྱུང་ནི་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ རྫོང་ཁག་ནང་འཁོད་ལུ་ ཟླ་རིམ་བཞིན་དུ་ འཕྱག་བདར་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ རྒེད་འོག་དང་སྤྱི་འོག་གི་ གནས་རིམ་ནང་ཚུད་མི་ ལས་སྡེ་དང་ གཙུག་སྡེ་ག་ར་གིས་ ཕྱགས་སྙིགས་དང་ རག་རོ་བསྡུ་བསྒྱོམ་ལས་རིམ་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
མོ་གིས་ བཤད་མིའི་ནང་ གོ་བརྡ་སྤྲོད་པའི་ཤུལ་ལས་ ཕྱགས་སྙིགས་ཕྱི་སེལ་རྐྱབ་མ་བཏུབ་མི་ མི་ངོ་དང་ གཙུག་སྡེ་ཚུ་ལུ་ ཕྱགས་སྙིགས་འཛིན་སྐྱོང་བཅའ་ཁྲིམས་དང་འཁྲིལ་ ཉེས་བྱ་དངུལ་ཀྲམ་༥༠༠ རེ་ བཀལ་འོང་ཟེར་ཨིན་པས།
ཚེ་རིང་གཡང་འཛོམས་ཀྱིས་འབད་བ་ཅིན་ ཕྱགས་སྙིགས་ཚུ་ ཐོན་ས་ནང་ལས་ར་ ཕྱི་སེལ་རྐྱབ་སྟེ་བཞག་པ་ཅིན་ དེ་གིས་ ལུད་བཟོ་བཏུབ་པའི་ཁར་ ཕྱགས་སྙིགས་སྐམ་ཨིན་པ་ཅིན་ འོང་འབབ་བཟོ་ནིའི་དོན་ལུ་ཡང་ ལག་ལེན་འཐབ་བཏུབ་པས་ཟེར་ཨིན་པས།
དེ་ཚུ་འབད་ཚུགས་པ་ཅིན་ རང་བཞིན་གྱིས་ར་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་ཡང་ བྱེམ་དེ་ཅིག་ མི་ཕོག་ནི་ཨིནམ་ད་ རྫོང་ཁག་དང་ རྒེད་འོག་གི་ གནས་རིམ་ནང་ ས་ཁོངས་ཚུ་ ཧིང་སངས་ས་བཞག་ནི་དེ་ འཆར་གཞི་༡༡ པ་དང་༡༢ པའི་ དམིགས་དོན་ཅིག་ཡང་ཨིན་པའི་གནས་ཚུལ།
ཀྲོང་གསར་ལས་ བཀྲིས་བསྟན་འཛིན།