ཀྲོང་གསར་རྫོང་ཁག་གི་ གཉའ་རྒོད་བསོད་ནམས་བསྟན་འཛིན་གྱིས་ ཨང་དང་པའི་གསོལ་རས་ དངུལ་ཀྲམ་༣༠༠,༠༠༠ ལེན་པའི་བསྒང་།

ཀྲོང་གསར་རྫོང་ཁག་གི་ གཉའ་རྒོད་ཀྱིས་ ཨང་དང་པ་ཐོན་ཡོདཔ།

ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༨ བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་མི་དང་འབྲེལ་ འབྲུག་གི་ གཉའ་རྒོད་ མཐའ་བཅད་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ ཀྲོང་གསར་རྫོང་ཁག་གི་ གཉའ་རྒོད་ཀྱིས་ ཨང་དང་པ་ཐོན་ཡི།

དེ་ཡང་ གཉའ་རྒོད་བསོད་ནམས་བསྟན་འཛིན་གྱིས་ ཤིང་འཐེན་ནི་ལས་འགོ་བཙུགས་ འཁོར་ལོ་འཐུ་ནི་ཚུན་ འགྲན་བསྡུར་ཚུ་ག་ར་ དུས་ཡུན་སྐར་མ་༥:༣༤ ལུ་ མཇུག་བསྡུ་ཡོདཔ་ལས་ ཨང་དང་པ་ཐོན་ཡོདཔ་བཞིན་དུ་ བུམ་ཐང་གི་གཉའ་རྒོད་ པ་སངས་རྡོ་རྗེ་གིས་ དུས་ཡུན་སྐར་མ་༥:༤༩ ལུ་ མཇུག་བསྡུ་སྟེ་ ཨང་༢ པ་ ཐོན་ཡི།

དེ་ལས་ མོང་སྒར་གྱི་གཉའ་རྒོད་ བློ་བཟང་ཀུན་དགའ་གིས་ དུས་ཡུན་སྐར་མ་༧:༠༡ ལུ་ མཇུག་བསྡུ་སྟེ་ ཨང་༣ པ་དང་ ཐིམ་ཕུག་གི་གཉའ་རྒོད་ པ་སངས་ཀྱིས་ དུས་ཡུན་སྐར་མ་༧:༢༡ ལུ་ མཇུག་བསྡུཝ་ལས་ ཨང་༤ པ་ ཐོན་ཡོདཔ་བཞིན་དུ་ གསར་སྤང་གི་གཉའ་རྒོད་ ཚེ་རིང་ཕུན་ཚོགས་ཀྱིས་ བཤོལ་བཞག་ཡོད་རུང་ ཨང་༥ པའི་གསོལ་རས་ ཐོབ་ཅི།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཨང་དང་པ་ཐོན་མི་ གཉའ་རྒོད་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༢༠༠,༠༠༠ ཨང་༣ པ་ལུ་ དངུལ་ཀྲམ་༡༠༠,༠༠༠ དང་ ཨང་༤ པ་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ལས་ ཨང་༥ པ་ལུ་ དངུལ་ཀྲམ་༣༠,༠༠༠ གནང་ཡི།

ཀྲོང་གསར་གྱི་ གཉའ་རྒོད་ཀྱིས་ སླབ་མིའི་ནང་ ཨང་དང་པ་འཐོན་ནིའི་ མནོ་བསམ་ར་ མ་གཏང་ཟེར་ཨིན་རུང་ སྐྱེ་བ་ཕོ་ལུས་ཐོབ་སྟེ་ ད་རེས་ མི་དབང་མངའ་ཞབས་མཆོག་གི་ འཁྲུངས་སྐར་དུས་སྟོན་ ཁྱད་པར་ཅན་དང་བསྟུན་ རྒྱལ་ཁ་ཐོབ་ཚུགས་མི་ལུ་ སྐལ་བ་བཟངཔོ་མ་ཚད་ དགའ་བ་ཚད་མེད་བྱུང་ཡི་ཟེར་ཨིན་པས།

བུམ་ཐང་གི་གཉའ་རྒོད་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ གཉའ་རྒོད་འགྲན་བསྡུར་ནང་ ཚར་༤ བཅའ་མར་གཏོགས་པའི་སྐབས་ ཨང་༢ པ་ཚར་༢ དང་ ཨང་༡ པ་ཚར་༡ དེ་ལས་ ཨང་༣ པ་ཚར་༡ ཐོབ་ཡོདཔ་ལས་ ད་རེས་ ཨང་༢ པ་ཐོན་མི་ལུ་ སེམས་ཁར་དགའ་བ་མ་གཏོགས་ སེམས་ཕམ་ག་ནི་ཡང་ མེད་ཟེར་ཨིན་པས།

མོང་སྒར་གྱི་གཉའ་རྒོད་ བློ་བཟང་ཀུན་དགའ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ མོང་སྒར་རྫོང་ཁག་གིས་ གཉའ་རྒོད་འགྲན་བསྡུར་ཚུ་གི་སྐབས་ དྲག་ཤོས་༥ ནང་ར་ མ་ལྷོད་པས་ཟེར་ཨིནམ་ད་ ཨང་དང་པ་འཐོན་ཚུགས་པའི་ རེ་བ་མེད་རུང་ ཨང་༢ པ་དེ་ཅིག་ འཐོན་ཚུགས་པའི་ རེ་བ་བསྐྱེད་ཅི་ཟེར་ཨིན་པས།

ཨིན་རུང་ འགྲན་བསྡུར་གྱི་བར་ན་ལྷོདཔ་ད་ རྐངམ་གིས་ ལམ་འགྱོ་མ་ཚུགསཔ་ ཐལ་མི་ལུ་བརྟེན་ འབད་མ་ཚུགས་རུང་ ད་རེས་ མོང་སྒར་རྫོང་ཁག་གིས་ དྲག་ཤོས་༥ འི་གྲས་ཁར་ ལྷོད་ཡོདཔ་མ་ཚད་ ཨང་༣ པ་ཐོན་ཚུགས་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ བློ་བཟང་ཀུན་དགའ་གིས་ བཤདཔ་ཨིན་པས།

ཀྲོང་གསར་རྫོང་ཁག་གིས་ གཉའ་རྒོད་འགྲན་བསྡུར་ལས་ སྦྱེལཝ་སྦྱེལ་སར་ ཚར་༣ ཨང་དང་པ་ འཐོན་ཚུགས་པ་ཅིན་ རྒྱལ་རྟགས་དེ་ རྫོང་ཁག་གིས་ འབག་ནི་ཨིན་རུང་ སྤྱི་ལོ་༢༠༡༧ ལུ་ བུམ་ཐང་རྫོང་ཁག་གིས་ ཨང་དང་པ་ཐོན་ཡོདཔ་ལས་ འབག་མ་ཚུགསཔ་ད་ དུས་ཅི་ ཨང་དང་པ་ཐོན་མི་དེ་བརྩིསཝ་ད་ ཀྲོང་གསར་རྫོང་ཁག་གིས་ ཨང་དང་པ་ཚར་༣ ཐོན་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *