༉ ཀྲོང་གསར་དང་ གཞལམ་སྒང་ དེ་ལས་ དགེ་ལེགས་ཕུག་བར་ནའི་ གཞུང་ལམ་ཚུ་ ཁ་ཙ་ཡང་ སེལ་མ་ཚུགསཔ་ལས་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནི་ཚུ་ བཀག་ཆ་འབད་དེ་ར་ཡོདཔ་ཨིན་པས།
དེ་ཡང་ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ འབུཔ་བྱག་དང་ རྫོང་མཁར་ལུངམ་ དེ་ལས་ རི་བོ་ཏ་ལའི་ ས་གནས་ཚུ་ནང་ ལམ་བསུབས་མི་ཚུ་ སེལ་མ་ཚུགས་པའི་ཁར་ དགེས་ལེགམ་ཕུག་གི་ས་གནས་ ཨོ་སི་ཟེར་སར་ཡང་ ལམ་སེལ་མ་ཚུགས་པར་ ཡོདཔ་ཨིན་པས།
ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ རི་བོ་ཏ་ལའི་ལམ་དེ་ ནངས་པར་ཡང་ ག་དེ་སྦེ་ སེལ་ཚུགས་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀྲོང་གསར་ལས་ ཀི་ལོ་མི་ཏར་༡༡ གི་ས་གནས་ རྫོང་མཁར་ལུངམ་ལུ་ཡང་ ལམ་རྒྱ་ཆེཝ་སྦེ་ར་ བསུབས་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༩ གི་ཕྱི་རུ་ རྫོང་མཁར་ལུངམ་ལུ་ ས་རུད་ཀྱིས་ སྣུམ་འཁོར་ཊཱག་ཅིག་ཡང་ འཕྱགས་བདའ་ནུག་ཟེར་ཨིནམ་ད་ དེ་ཡང་ སྣུམ་འཁོར་དེ་ འདམ་ནང་ཐོགས་ལུས་པའི་ཤུལ་ལུ་ དེད་གཡོགཔ་ཁོ་ར་ ཕྱི་ཁར་ཐོན་ཏེ་ ས་བརྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཏར་གྱིས་ འཐེན་གནང་ཟེར་ སླབ་པར་འགྱོ་བའི་སྐབས་ འཕྱགས་བདའ་ནུག་ཟེར་ཨིན་པས།
ལྟའུ་རྒྱས་ཆོས་གྲུབ་ཀྱིས་ བཤད་མིའི་ནང་ བུམ་ཐང་དགེ་ཟམ་ཆུ་དང་ ཨུ་རའི་བར་ན་ཡང་ ལམ་བསུབས་ཏེ་ཡོད་ཟེར་ཨིནམ་ད་ མ་གཞི་ ས་ཁོངས་དེ་ནང་ ཨ་རྟག་ར་ ལམ་བསུབས་དོ་ཡོདཔ་བཞིན་དུ་ ཁ་ཙ་ཕྱི་རུ་ཁམས་ཅིག་ཁར་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མ་ཚུགས་པས་ཟེར་ཨིན་པས།
མ་གཞི་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་བར་ནའི་ གཞུང་ལམ་དེ་ མ་བསུབས་པར་ཡོདཔ་ཨིན་རུང་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡོད་མི་ལུ་བརྟེན་ འགྲོ་འགྲུལ་འབད་མི་ཚུ་ལུ་ ཉེན་ཁ་སྦོམ་སྦེ་ར་འདུག་ཟེར་ཨིན་པས།
ལྟའུ་རྒྱས་ཆོས་གྲུབ་ཀྱིས་ བཤད་མིའི་ནང་ གཞུང་ལམ་བདའ་སྟེ་ ལཱ་ཁག་ཆེཝ་ཡོདན་མ་ཤེས་ དེ་མེན་ འགྲོ་འགྲུལ་འབད་ནི་ལས་ ག་དེ་དྲག་དྲག་ འཛེམ་གནང་ཟེར་ཨིན་པས།
ད་རུང་ ཁ་ཙ་ དབང་འདུས་ཕོ་བྲང་ལས་ ཀྲོང་གསར་ཁ་ཐུག་ལུ་ འགྲོ་འགྲུལ་འབད་བའི་བསྒང་ཨིན་མི་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ འབད་བ་ཅིན་ ད་ལྟོ་ ཤར་ནུབ་ཀྱི་ གཞུང་ལམ་བདའ་སྟེ་ བཟོ་བཀོད་དང་འབྲེལ་བའི་ གནོད་སྐྱོན་སྦོམ་བྱུང་ཡོད་མི་དེ་གིས་ ཁག་འབགཔ་ཚུ་ལུ་ཡང་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ནི་མས་ཟེར་ཨིན་པས།
ཆརཔ་ཆད་པའི་ཤུལ་ལུ་ དབྱེ་ཞིབ་འབད་དེ་ གནོད་སྐྱོན་གྱི་ ཚོད་རྩིས་བཏོན་ནི་ཨིན་པས།
དབང་འདུས་ཕོ་བྲང་དང་ ཀྲོང་གསར་བར་ནའི་ གཞུང་ལམ་ཁར་ཡོད་པའི་ གྱང་རྩིག་ཚུ་ཡང་ ལེ་ཤ་ཅིག་ར་ མེདཔ་བཏང་ཡོདཔ་མ་ཚད་ རྩི་ནག་བཏང་ཚར་བའི་ ལམ་ཚུ་ཡང་ ས་འོག་ལུ་ ཨེབ་ད་ནུག་ཟེར་ཨིན་པས།
ཤར་ནུབ་ཀྱི་ གཞུང་ལམ་ཁར་ རྒྱ་བསྐྱེད་ཀྱི་ ལཱ་འབད་མི་ ཁག་འབགཔ་ཚུ་གིས་ ཨ་རྟག་ར་ ལམ་ཚུ་ སྣུམ་འཁོར་འགྱོ་བཏུབ་སྦེ་ བཞག་ནི་ལུ་ སེལ་དོ་ཡོདཔ་ཨིན་རུང་ གདོང་ལེན་སྦོམ་བྱུང་སྟེ་འདུག་ཟེར་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།