ཚོགས་རྒྱན་སྐྱུར་མི་ སྡེ་ཚན་ཅིག་ ཐིམ་ཕུག་ལུ་ ལོག་འགྱོ་ནིའི་དོན་ལས་ སྦྱིས་ཟམ་ལུ་ བསྒུག་སྡོད་པའི་བསྒང་།

ཀྲོང་གསར་གྱིས་ ད་རུང་ཡང་ མི་ངོ་གསརཔ་ལུ་ གོ་སྐབས་བྱིན་ནི་གི་ གདམ་ཁ་རྐྱབ་ཡོདཔ།

༉ འབྲུག་ལུ་ དམངས་གཙོའི་རིང་ལུགས་ འགོ་བཙུགས་ཞིནམ་ལས་ཚུར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ལན་ཐེངས་གསུམ་ འགོ་འདྲེན་འཐབ་རུང་ ཀྲོང་གསར་གྱིས་ འཐུས་མི་བགྲེསཔ་ལུ་ ཚར་ཅིག་ཡང་ གོ་སྐབས་མ་བྱིན་པར་ གནས་ཡུན་ཚངམ་ད་ འདེམས་ངོ་གསརཔ་ལུ་ གོ་སྐབས་བྱིན་པའི་ མངོན་གསལ་བྱུང་ཡི།

འཐུས་མི་སྦེ་ ཕྱག་ཞུ་བའི་བསྒང་ཨིན་མི་ མཐར་ཕྱིན་དེ་ འགྲེམ་ཐོག་ཚོགས་རྒྱན་ གྱངས་ཁ་རྐྱབ་ཚརཝ་ད་ རྒྱལ་ནི་བཟུམ་ཡོད་མི་དེ་ཡང་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༢༢ ཐོབ་ཡོདཔ་ད་ དེ་གི་ཤུལ་ལས་ར་ བཀྲིས་བསམ་གྲུབ་ཀྱིས་ ཚོགས་རྒྱན་༦༡༤ དང་ མགོནམ་རྡོ་རྗེ་གིས་ ཚོགས་རྒྱན་༣༣༩ ཐོབ་ནུག།

ཨིན་རུང་ ཚོགས་རྒྱན་གྱི་ གྱངས་ཁ་སྣ་ཁྲིད་འབད་མི་དེ་ ཡུན་ཐུབ་མ་ཚུགས་མི་དེ་ཡང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་མི་ཚུ་ གྱངས་ཁ་རྐྱབ་པའི་བསྒང་ལས་ འདེམས་ངོ་གཞན་ཅིག་གི་ ཚོགས་རྒྱན་མངམ་ཐོན་སོ་ཡི།

བཀྲིས་བསམ་གྲུབ་ཀྱིས་ ཚོགས་རྒྱན་ཡོངས་བསྡོམས་༢,༣༠༩ ཐོབ་སྟེ་ ཀྲོང་གསར་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ མཐར་ཕྱིན་གྱིས་ ཚོགས་རྒྱན་༢,༠༠༥ དང་ མགོནམ་རྡོ་རྗེ་གིས་ ཚོགས་རྒྱན་༡,༣༤༤ ཐོབ་ནུག།

གྲུབ་འབྲས་གསལ་བསྒྲགས་འབད་བའི་ཤུལ་ལུ་ བཀྲིས་བསམ་གྲུབ་ཀྱིས་ བཀྲིས་ལེགས་སྨོན་གྱི་ བརྡ་འཕྲིན་དང་ འགྲུལ་འཕྲིན་ཚུ་ རྫོགས་ནི་མེདཔ་ཅིག་ ཐོབ་ཡོདཔ་ད་ དེ་བསྒང་ ཁོ་ར་ ནུབ་སྦིས་རྒེད་འོག་ནང་ ཁོ་རའི་ཁྱིམ་ནང་སྡོད་དེ་ གྲངས་རྩིས་ལྟེ་བའི་ནང་ ཁོ་རའི་ངོ་ཚབ་བཏང་ཡོདཔ་ཨིན་པས།

ཁོ་རའི་ ཚོགས་རྒྱན་གྱི་ གྲུབ་འབྲས་ལུ་བལྟ་སྟེ་ སྤྲོ་སྣང་བྱུང་ཡི་ཟེར་ བཙག་འཐུ་གྲུབ་མི་ བཀྲིས་བསམ་གྲུབ་ཀྱིས་ བཤད་པའི་ཁར་ ཁོ་གི་ དོ་འགྲན་པ་དེ་ འཐུས་མི་སྦེ་ ཕྱག་ཞུ་མི་ཅིག་ཨིནམ་ལས་ ཡོངས་གྲགས་ཡོད་པའི་ཁར་ ཉམས་མྱོང་ཡང་ རྒྱ་ཆེཝ་སྦེ་ཡོད་ནི་དེ་གིས་ དོ་འགྲན་འབད་ནི་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ བཤདཔ་ཨིན་པས།

ཨིན་རུང་ ང་གིས་ ད་རེས་དོ་འགྲན་འབད་མི་དེ་ ཐེངས་༢ པ་ཨིནམ་མ་ཚད་ མི་ཚུ་གིས་ཡང་ ངོ་ཤེས་མི་ལུ་བརྟེན་ སེམས་ནང་ན་ལས་ རྒྱལ་ཁ་འཐོབ་ནི་གི་ རེ་བ་བསྐྱེད་སྡོད་ཅི་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཁོ་གིས་ དང་པ་ར་ ཁྲིམས་བཟོ་ལམ་ལུགས་ཚུ་ནང་ གོམས་སྦྱང་ཚུད་ཐབས་འབད་ནི་དང་ ཁྲིམས་དང་ སྲིད་བྱུས་ཚུ་ ལེགས་ཤོམ་སྦེ་ ཤེས་རྟོགས་འབྱུང་ནི་ལུ་ གཙོ་རིམ་བཟུང་ནི་ཨིནམ་ད་ ངེ་གི་རེ་བ་དེ་ར་ མང་སྡེ་ཚོ་བཞི་གི་ མི་སེར་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་དེ་ཨིན་ཟེར་ བཤདཔ་ཨིན་པས།

ཀྲོང་གསར་གྱི་ བཙག་འཐུའི་བྱ་རིམ་དེ་ དཀའ་ངལ་དང་ སྟབས་མ་བདེཝ་སྦོམ་ ག་ནི་ཡང་ མ་བྱུང་པར་ ལེགས་ཤོམ་སོང་ཡོདཔ་ཨིན་པས།

ཀུན་གསལ་གྱིས་ ཚོགས་རྒྱན་ས་ཁོངས་ཚུ་ནང་ འགྱོ་ལྟ་བའི་སྐབས་ ཚོགས་རྒྱན་བཙུགས་མི་ ན་གཞོན་མེན་པར་ མང་ཤོས་ར་ རྒན་ཤོས་ཚུ་གིས་ གྲལ་གཏོགས་འབད་བའི་ མཐོང་གསལ་བྱུང་ཡི།

རྫོང་ཁག་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༡༠,༠༣༤ ཡོད་མི་ལས་༥,༦༧༧ འབདཝ་ད་ བརྒྱ་ཆ་༥༢ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ནུག།

སྐྱེས་ལོ་༧༩ ལང་མི་ ཀུན་ལེགས་དཔལམོ་དེ་ མོ་གི་བུམོ་དང་གཅིག་ཁར་ སྦྱིས་ཟབ་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ད་ ང་གིས་ རྒྱལ་ཁབ་ཀྱི་དོན་ལུ་ ལྷན་ཐབས་ཟེར་རུང་ ངེ་གི་ནོརབུ་དང་འདྲ་བའི་ ཚོགས་རྒྱན་བཙུགས་ནི་དེ་ར་ཨིན་ཟེར་ མོ་གིས་ བཤདཔ་ཨིན་པས།

ཚོགས་རྒྱན་སྐྱུར་མི་ ཚོ་རིང་སྒྲོལ་མ་དེ་ བསམ་གྲུབ་ལྗོངས་མཁར་ལུ་ ལཱ་འབད་དོ་ཡོདཔ་ལས་ ལཱ་ཁག་སྦེ་ ཚོགས་རྒྱན་བཙུགས་པར་ ཀྲོང་གསར་ལུ་ འོང་ཡོདཔ་ད་ དེ་ཡང་ མོ་གི་ འགྲེམ་ཐོག་ཚོགས་རྒྱན་བསྐྱུར་ནི་གི་ དུས་ཚོད་འབྱིད་སོཔ་ལས་ ཉིན་གྲངས་༢ ཀྱི་རིང་ ལམ་འགྲུལ་འབད་དགོཔ་བྱུང་ནུག།

སྦྱིས་ཟམ་ལུ་ ཐིམ་ཕུག་ལས་འོང་མི་ ཚོགས་རྒྱན་སྐྱུར་མི་ སྡེ་ཚན་ཅིག་ ཚོགས་རྒྱན་བཙུགས་པའི་ཤུལ་ལས་ ལོག་འགྱོ་ནིའི་དོན་ལུ་ འགྲུལ་འཁོར་ལུ་ བསྒུག་སྡོད་ནུག།

ཤེས་རབ་གླིང་ལས་ སྐྱེས་ལོ་༦༧ ལང་མི་ རྡོ་རྗེ་སྒྲོལ་མ་གིས་ ཚོགས་རྒྱན་དང་པ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *