ཀྲོང་གསར་ལུ་ རྒྱ་སྐྱེད་འབད་ཡོད་པའི་ ཝེ་གླིང་ཁྲོམ་གྱི་མཐོང་སྣང་།

ཀྲོང་གསར་ཁྲོམ་རྒྱ་སྐྱེད་ས་ཁོངས་ནང་ ཁྱིམ་རྐྱབ་ནི་ འགོ་བཙུགས་ཡོདཔ།

༉ ཀྲོང་གསར་ཁྲོམ་ རྒྱ་སྐྱེད་འབད་མི་ས་ཁོངས་ནང་ ས་ཚན་གྱི་ ཇོ་བདག་ཚུ་གིས་ སྤྱི་ཟླ་༩ པ་ལས་ ཁྱིམ་རྐྱབ་ནི་ འགོ་བཙུགས་ཏེ་འདུག།
ཁྲོམ་རྒྱ་སྐྱེད་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༥ ལས་ གྲ་སྒྲིག་གི་ལཱ་ཚུ་ འགོ་བཙུགས་ཡོདཔ་ད་ ཁྲོམ་རྒྱ་སྐྱེད་ས་ཁོངས་ཚུ་ཡང་ ཀྲོང་གསར་ལས་ དབང་འདུས་གཞུང་ལམ་གྱི་ལྟག་ལས་ འགོ་བཙུགས་ཏེ་ ཤེས་རབ་གླིང་དང་ ཝི་གླིང་གཡུས་ཚན་ཚུ་ ཚུདཔ་ཨིན་པས།
ཀྲོང་གསར་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ པདྨ་བཟང་མོ་གིས་ སླབ་མིའི་ནང་ ཁྲོམ་རྒྱ་སྐྱེད་ཀྱི་ས་ཁོངས་ཚུ་ནང་ དང་འདོད་ཡོད་མི་ ཇོ་བདག་རེ་གཉིས་ཀྱིས་ ཁྱིམ་རྐྱབ་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁྲོམ་རྒྱ་སྐྱེད་འབད་དགོ་མི་དེ་ཡང་ ད་ལྟོའི་ཁྲོམ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་ནིའི་དོན་ལུ་ ས་གོ་ དོག་དྲགས་ཡོད་མི་ལུ་བརྟེན་ཨིནམ་ད་ ཁྲོམ་རྒྱ་སྐྱེད་ས་ཁོངས་ནང་ ས་ཚན་༢༡༤ དེ་ཅིག་ ཡོད་ཟེར་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ ཁྲོམ་རྒྱ་སྐྱེད་ཀྱི་ས་ཁོངས་དེ་ བཟོ་ཚར་བའི་བསྒང་ལས་ ད་རེས་ནངས་པར་ ཁྱིམ་མ་ཐོབ་མི་དང་ གཞི་རྟེན་མཐུན་རྐྱེན་ མ་ལང་པའི་དཀའ་ངལ་ཚུ་ཡང་ བསལ་ཚུགས་ཟེར་ཨིན་པས།
ཁྲོམ་སྡེ་གིས་ མ་གཞི་ ས་ཚན་ཚུ་ནང་ དུས་ཅི་གི་ རྩིས་ལོ་ནང་ར་ འཁོར་ལམ་ཚུ་བསལ་ནིའི་ འཆར་གཞི་ཡོད་རུང་ དུམ་གྲ་ཅིག་ འབད་མི་ཚུགས་ནི་ཨིནམ་ད་ ད་རེས་ རྐང་ལམ་དང་ ཆུ་གཡུར་བཟོ་ནིའི་ ཚོད་རྩིས་ཚུ་ བཏོན་ནི་འགོ་བཙུགས་ཏེ་ཡོདཔ་ལས་ མ་དངུལ་ལྷོད་པའི་ཤུལ་ལས་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་འོང་ཟེར་ པདྨ་བཟང་མོ་གིས་ བཤད་ཅི།
ཧེ་མ་ ཀྲོང་གསར་ཁྲོམ་སྡེའི་ གོང་འཕེལ་འཆར་གཞི་ནང་ ཤེས་རབ་གླིང་དེ་ ས་གནས་ས་ཁོངས་ནང་ ཚུད་ཡོད་རུང་ རྒྱ་ཆེ་བའི་ འཆར་གཞི་ནང་ མིན་འདུག་ཟེར་ཨིནམ་ད་ ད་རེས་ མི་མང་ཤོས་ཅིག་གིས་ ས་ཆ་གཅིག་ཁར་བསྡབ་ནི་ཚུ་ མ་འབད་བར་ཡོད་ཟེར་ཨིན་པས།
ས་ཚན་ག་ར་ ས་མཚམས་ཚུ་ བཟོ་ཚར་ཏེ་ཡོདཔ་བཞིན་དུ་ ཡིག་ཆ་ཚུ་ བདེན་དཔྱད་འབད་དེ་ ལག་ཁྲམ་གསརཔ་གི་དོན་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ བཏང་སྟེ་ཡོད་ཟེར་ཨིནམ་ད་ ཧེ་མ་ལས་ར་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ བསྒུགས་སྡོད་མི་ཚུ་ ད་རེས་ རྐྱབ་ནི་འགོ་བཙུགས་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་ཅི།
ས་ཚན་གྱི་ ཇོ་བདག་ལ་ལོ་ཅིག་གིས་ སླབ་མིའི་ནང་ ད་རེས་ ཁྲོམ་རྒྱ་སྐྱེད་ཀྱི་ས་ཁོངས་ནང་ འཐུང་ཆུ་དང་ འཁོར་ལམ་ དེ་ལས མཐུན་རྐྱེན་གཞན་ཚུ་ ག་ནི་ཡང་ མེད་ཟེར་ཨིནམ་ད་ ད་རེས་ མི་ལ་ལོ་ཅིག་ ས་ཆའི་ས་མཚམས་ལུ་བརྟེན་ སེམས་མ་དགའ་མི་ཡང་ ཡོདཔ་ཨིན་པས།
དེ་ཡང་ སའི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཁྲོམ་རྒྱ་སྐྱེད་ལུ་བརྟེན་ ས་ཆ་ལ་ལོ་ཅིག་ མི་གཞན་ལུ་ ཚུད་དེ་ཡོད་མི་དེ་གིས་ཨིན་པས།
པདྨ་བཟང་མོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ མི་ཚུ་ཁྱིམ་མ་ཐོབ་པའི་ དཀའ་ངལ་ཐོན་མི་དེ་ ཁྲོམ་རྒྱ་སྐྱེད་ས་ཁོངས་ནང་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ལས་ དཀའ་ངལ་དེ་ བསལ་ཚུགས་ནི་ཨིནམ་ད་ དེ་བསྒང་ལས་ ཁང་གླར་སྡོད་མི་མེད་པའི་ དཀའ་ངལ་ཡང་ འབྱུང་ནི་བཟུམ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *