ཀྲོང་གསར་གྱི་སྣུམ་འཁོར་བཞག་སའི་ནང་ ཆུ་རུད་ཀྱིས་ འཕྱགས་བདའ་འོང་མི་ བྱེམ་དང་རག་རོ་ཚུ་ བཏོན་བཀོ་བའི་བསྒང་།

ཀྲོང་གསར་ཁྲུས་སྤང་ལུ་ ཆུ་རུད་ཀྱི་རག་རོ་ཚུ་ སེལ་ཚར་ཡོདཔ།

༉ ཉིན་གྲངས་༤ གི་ཧེ་མར་ ཀྲོང་གསར་ཁྲུས་སྤང་ལུ་ ཆུ་རུད་ཐོན་ཏེ་ ཁྲུས་སྤང་གཟིམ་ཅུང་ནང་ བྱེམ་འཛུལ་མི་དང་ ཁྲོམ་གྱི་ སྣུམ་འཁོར་བཀག་སའི་ ས་ཁོངས་ནང་ བྱེམ་དང་ རག་རོ་ཚུ་གིས་ གང་ཡོད་མི་དེ་ ཁ་ཙ་ ཕྱགས་བདར་རྐྱབ་ཚར་ཡོདཔ་ཨིན་པས།
ཉིན་གྲངས་༤ གི་ ཕྱགས་བདར་ལས་རིམ་ནང་ རྫོང་ཁག་དང་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་གཙོས་པའི་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ ལུང་ཕྱོགས་ཡིག་ཚང་ དེ་ལས་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
རྫོང་ཁག་གི་ བརྡ་བརྒྱུད་མགྲིན་ཚབ་ བརྡ་དོན་འཕྲུལ་རིག་འགོ་དཔོན་ ས་མིའུལ་ པར་དཱན་གྱིས་ སླབ་མིའི་ནང་ ཁྲུས་སྤང་གི་ སྣུམ་འཁོར་བཞག་སའི་ས་ཁོངས་ འདམ་གྱིས་གང་མི་དེ་ཡང་ ཁྲིམས་སྲུང་འགག་སྡེའི་ མེ་བསད་སྣུམ་འཁོར་༢ ལག་ལེན་འཐབ་ཐོག་ལས་ ཆུ་བཤལ་རྐྱབ་སྟེ་ ཧིང་སངས་ས་ བཟོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ བྱེམ་དང་ རག་རོ་ཚུ་ ཕྱགས་བདར་རྐྱབ་ནིའི་དོན་ལུ་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་ འཕྲུལ་ཆས་ཨེགསི་ཀེ་བེ་ཊར་དང་ ལས་མི་གཉིས་ཆ་རའི་སྒོ་ལས་ གྲལ་གཏོགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྲུས་སྤང་གཟིམ་ཅུང་ནང་འབད་བ་ཅིན་ བྱེམ་གྱི་སྟུག་ཚད་ སེན་ཊི་མི་ཊར་༣༠ ལྷགཔ་རེ་ ཆགས་སྡོད་ནུག་ཟེར་ཨིནམ་ད་ ཁ་ཙ་ཕྱི་རུ་ ཆུ་ཚོད་ཕྱེད་དང་༧ ཚུན་ ལཱ་འབད་བའི་ཤུལ་ལས་ མཇུག་བསྡུ་ཡི་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཁོང་ཆ་ཁྱབ་ ལཱ་འབད་བའི་སྐབས་ ཁྲོམ་གྱི་ཚོང་པ་ཚུ་གིས་ ཉིན་མའི་ལྟོ་དང་ བཟའ་འཐུང་གི་རིགས་ཚུ་ གྲོགས་རམ་འབད་ཡི་ཟེར་ཨིན་པས།
ཕྱགས་བདར་དང་འབྲེལ་ ཁོང་གིས་ འཐུང་ཆུའི་ཆུ་དུང་ཚུ་ཡང་ ཉམས་བཅོས་འབད་ཚར་ཡོདཔ་ལས་ ཁ་ཙ་ལས་འགོ་བཙུགས་ ཀྲོང་གསར་ཁྲོམ་ཁར་ ཆུ་ཨ་རྟག་བཟུམ་སྦེ་ར་ འོང་ཡི་ཟེར་ཨིན་པས།
ཨིན་རུང་ ད་ལས་ཕར་ཡང་ ཆརཔ་ཆད་ནི་མེད་པར་ རྐྱབ་པ་ཅིན་ ད་རུང་ རོང་ཆུ་དེ་ལས་ ཆུ་རུད་འཐོན་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཆུ་རུད་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༨ ཀྱི་དྲོ་པ་ ཆུ་ཚོད་ཕྱེད་དང་༡ དེ་ཅིག་ཁར་ ཐོན་ཡོདཔ་ད་ དེ་གིས་ སྣུམ་འཁོར་ཊེག་ཊར་གཅིག་ཡང་ འཕྱགས་བདའ་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *