ཀོ་བིཌ་-༡༩ འི་སྨན་ཁབ་ ཐེངས་༢ པའི་དོན་ལུ་ རྒྱ་གར་ལས་ གྲོགས་རམ་འཐོབ་ཚུགས་པའི་རེ་བ།

༉ ཀོ་བིཌ་-༡༩ འི་སྨན་ཁབ་ཐེངས་༢ པ་ བཙུགས་ནིའི་དོན་ལུ་ ཟླཝ་ཕྱེད་དང་༢ ལས་བརྒལ་མེད་རུང་ སྨན་ཁབ་ཀྱི་གྲོགས་རམ་ངོ་མ་འབད་མི་ རྒྱ་གར་རྒྱལ་ཁབ་ནང་ ནད་ཡམས་ཀྱི་གནས་སྟངས་དེ་ ཚབས་ཆེན་ནང་ཡོདཔ་ལས་ གྲོགས་རམ་འཐོབ་ནི་ དེ་ གཏན་འཁེལ་མེདཔ་ཨིན་པས།

ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ རྒྱ་གར་ལུ་ ནད་ཡམས་ཀྱི་གནས་སྟངས་དེ་ ཚབས་ཆེན་ནང་ལྷོད་ཡོད་རུང་ ང་བཅས་ནང་ལུ་ སྨན་ཁབ་ཐེངས་དང་པ་ བཙུགས་ཚར་ཡོདཔ་ལས་ ཐེངས་༢ པ་མ་བཙུགས་པ་ཅིན་ དང་པམ་དེ་ཡང་ མ་ བཙུགསཔ་བཟུམ་ཅིག་ འགྱོ་ནི་ཨིནམ་ལས་ འཐོབ་ནིའི་རེ་བ་ཡོད་ཟེར་བཤད་ཅི།

བློན་པོ་གིས་ ཁོང་གིས་བྱིན་པའི་སྐབས་ སྟབས་གཅིག་ཁར་དང་ ཡང་ན་ ཨ་ཙི་རེ་སྦེ་བྱིན་འོང་ག་ སླབ་མི་ཤེས་པས་ཟེར་ཨིནམ་ད་ ང་བཅས་ཀྱིས་ སྨན་ཁབ་འཐོབ་ནིའི་ལམ་དེ་ ཀོ་བེགསི་མཐུན་འབྲེལ་ཐོག་ལས་ སྨན་ཁབ་༡༠༨,༠༠༠ འཐོབ་ནི་ཨིནམ་ད་ དེ་དང་གཅིག་ཁར་ ཕའི་ཟར་སྨན་ཁབ་༥༠༠༠ དེ་ཅིག་ ལྷོད་འོང་ཟེར་ཨིན་པས།

སྨན་ཁབ་ཐེངས་དང་པ་ལྷོད་མི་ལས་༥༠,༠༠༠ དེ་ཅིག་ ལྷག་ལུས་ཡོདཔ་ལས་ བསྡོམས་ཀྱིས་༡༥༠,༠༠༠ དེ་ཅིག་ ལྷོད་ནི་བཟུམ་ཡོད་ཟེར་ བཤད་པའི་ཁར་ རྒྱ་གཞུང་གིས་ ང་བཅས་ལུ་ གྲོགས་རམ་འབད་བཞིན་དུ་ཡོད་པའི་ཁར་ ད་ལྟོ་ མི་བྱིན་ཟེར་ཡང་ སླབ་སྟེ་མེདཔ་ལས་ འཐོབ་ནིའི་རེ་བ་ཡོད་ཟེར་ བློན་པོ་གིས་བཤད་ཅི།

བློན་པོ་གིས་ གཞན་ཁ་ལས་ཡང་ འཐོབ་ཚུགས་པ་ཅིན་མནོ་སྟེ་ ཞིབ་འཚོལ་ཚུ་འབད་ཡོད་རུང་ ངེས་ཏིག་བྱིན་ནི་ཟེར་ སླབ་མི་མ་འཐོན་ཟེར་ཨིན་པས།

གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ ཁ་ཉིནམ་ གསུམ་ལྡན་གྱི་གྲོས་འཛོམས་འཚོགས་པའི་སྐབས་ སི་རམ་དང་ ཕའི་ཟར་སྨན་ཁབ་ལས་ ཕའི་ཟར་དེ་ ཧ་སུ་ལྷོད་ནི་བཟུམ་འདུག་ཟེར་ཨིནམ་ད་ དེའི་དོན་ལུ་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལོའི་ཤེས་ཡོན་མ་དངུལ་དང་ འཛམ་གླིང་གསོ་བའི་ལས་ཚོགས་ དེ་ལས་ གསོ་བ་ལྷན་ཁག་༣ གཅིག་ཁར་སྡོད་དེ་ དོས་སྐྱེལ་འདྲེན་དང་ གཞན་ལམ་ལུགས་ཚུ་ག་ར་ གྲ་སྒྲིག་འབད་དེ་ བཏང་ཡི་ཟེར་ཨིན་པས།

ཀོ་རི་ཡ་དང་ ཐའི་ལེནཌ་ དེ་ལས་ ཨཱསི་ཊེ་ལི་ཡ་རྒྱལ་ཁབ་ཚུ་ནང་ཡང་ རྒྱ་གར་གྱི་ སི་རམ་གཙུག་སྡེ་གིས་བཟོ་མི་ སྨན་ཁབ་དེ་ བཟོ་ནི་འགོ་བཙུགས་ཡོདཔ་ལས་ འབྲུག་གི་གཞུང་ཚབ་ཡིག་ཚང་ཚུ་གིས་ རྒྱལ་ཁབ་དེ་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་བཤད་ཅི།

རྒྱ་གཞུང་གིས་ དུས་ཚོད་ཁར་ སྨན་ཁབ་བྱིན་མ་ཚུགས་པ་ཅིན།

ཕྱི་འབྲེལ་བློན་པོ་གིས་ གོ་སྐབས་ཁག་གཉིས་སྦེ་ རིན་མེད་སྟོང་པར་ཐོབ་མི་དང་ ཀོ་བེགསི་གན་ཡིག་ཐོག་ལས་ ཉོ་ནིའི་ལས་རིམ་ཡོད་རུང་ ཀོ་བེགསི་གིས་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༢༠ ལང་ཚུགས་པའི་ བཀྲམ་སྤེལ་འབད་ནིའི་ ལས་རིམ་ཡོད་མི་དེ་ཡང་ ཐོན་སྐྱེད་འབད་མ་ཚུགས་པར་འདུག་ཟེར་ཨིན་པས།

དེ་འབདཝ་ལས་ སྨན་ཁབ་འཐོབ་ཚུགས་པར་ ལཱ་ཁག་འོང་ནི་ཨིན་རུང་ འབྲུག་གཞུང་གིས་ ཡི་གུའི་རིགས་ཚུ་ གྲ་སྒྲིག་འབད་དེ་ཡོདཔ་ལས་ ཕའི་ཟར་སྨན་ཁབ་༢༠༠,༠༠༠ མཁོ་འདོད་བཀོད་དེ་ཡོད་ཟེར་ བློན་པོ་གིས་བཤད་ཅི།

དེ་ཡང་ སྐྱེས་ལོ་༡༢ ལས་༡༧ བར་ན་འབད་མི་ ཨེས་ཊ་ཟེ་ནི་ཀ་སྨན་ཁབ་ཀྱིས་ མ་ཁྱབ་མི་ཚུ་གི་དོན་ལུ་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ནང་ སྨན་ཁབ་ཀྱི་ཁྱབ་ཚད་ ཡར་སེང་འབད་ཚུགས་ཟེར་ཨིན་པས།

རྒྱལ་ཁབ་ཀྱི་མི་རློབས་ལས་ བརྒྱ་ཆ་༧༠ དེ་ཅིག་ལུ་ ཁྱབ་ཚུགས་པ་ཅིན་ ཕན་ཐོགས་འོང་ནི་ཨིནམ་ད་ རྒྱལ་ཁབ་ནང་ གཞོནམ་ལེ་ཤ་ཡོདཔ་ལས་ ཁོང་ཆ་ཁྱབ་ཡང་ སྨན་ཁབ་འཐོབ་དགོཔ་འདུག་ཟེར་ཨིན་པས།

ཨ་ལོའི་དོན་ལུ་ ཕའི་ཟར་སྨན་ཁབ་དེ་ ཆ་འཇོག་འབད་ཡོད་པའི་ཁར་ ཇཱོན་སོན་ཇཱོན་སོན་ལས་སྡེ་དང་ ཨེས་ཊ་ཟེ་ནེ་ཀ་གིས་ཡང་ ཨ་ལོ་ཚུ་གི་དོན་ལུ་ སྨན་ཁབ་བརྟག་དཔྱད་འབད་དོ་ཡོདཔ་ལས་ དེ་ཡང་ དུས་ཅི་ ལོ་ཕྱིས་ཁམས་ལུ་ གྲུབ་འབྲས་འཐོན་ནིའི་རེ་བ་ཡོདཔ་ལས་ དེ་གིས་ཡང་ སྨན་ཁབ་གདམ་ཁ་རྐྱབ་ནིའི་གོ་སྐབས་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།

གསོ་བ་བློན་པོ་གིས་ སྨན་ཁབ་ཀྱི་གནས་སྟངས་དེ་ ཚབས་ཆེན་ཡོདཔ་ལས་ ཟུང་ཕྱོགས་ཞལ་འཛོམས་སྐབས་ལུ་ཡང་ ཁོང་གིས་ སྨན་ཁབ་ག་དེམ་ཅིག་ བྱིན་ཚུགས་ག་ཟེར་བའི་སྐབས་ ཨེས་ཊ་ཟེ་ནི་ཀ་སྨན་ཁབ་༡༠༠,༠༠༠ པོ་དེ་ཡང་ ནམ་བྱིན་ཚུགས་ག་ གཏན་འཁེལ་མིན་འདུག་ཟེར་ཨིན་པས།

ད་ལྟོ་ ཕའི་ཟར་སྨན་ཁབ་༥༠༠༠ རྐྱངམ་གཅིག་ཨིན་རུང་ འབྲེལ་བ་ཡོད་མི་ཚུ་དང་གཅིག་ཁར་ ཉོ་ནིའི་ཐབས་ལམ་ཚུ་ལུ་ གྲོས་ བསྟུན་འབད་བའི་བསྒང་ཡོདཔ་ལས་ ཚར་གཅིག་གྲ་སྒྲིག་འགྱོཝ་ད་ ལྷན་རྒྱས་གཞུང་ཚོགས་ལུ་ བཙུགས་འོང་ཟེར་ཨིན་པས།

བློན་ཆེན་གྱིས་ སྨན་ཁབ་ཉོ་ནིའི་ཐབས་ལམ་ཐད་ཁར་ མ་དངུལ་དེ་ ང་བཅས་ལུ་ ལངམ་སྦེ་མེད་རུང་ ཀོ་བིཌ་-༡༩ འི་ཐད་ མི་དབང་མཆོག་གིས་ཡང་ མ་དངུལ་ག་དེམ་ཅིག་ཡོད་མི་དེ་ ཟད་འགྲོ་གཏང་དགོ་པའི་ བཀའ་གནང་སྟེ་ཡོད་ཟེར་གསུངས་ཡི།

རྒྱལ་པོའི་བང་མཛོད་ནང་ལས་ ག་དེམ་ཅིག་དགོ་རུང་ གནང་ནི་ཨིན་ཟེར་ གསུངས་ཏེ་ཡོདཔ་ལས་ མ་དངུལ་གྱི་ཚ་གྱང་མེད་ཟེར་ གསུངས་ཡོདཔ་ད་ ཕའི་ཟར་ལས་སྡེ་གིས་ ལོ་མཇུག་བསྡུ་ཁམས་ལུ་ སྨན་ཁབ་དགོས་མཁོ་ ཐེར་འབུམ་༤ ལས་ ཐེར་འབུམ་༢ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ཨིན་རུང་ ད་ལྟོ་ དགོས་མཁོ་དང་བསྟུན་ ཐོན་སྐྱེད་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།

རྒྱལ་ཁབ་ལ་ལོ་ཅིག་གིས་ སྨན་ཁབ་དེ་ ཞིབ་དཔྱད་ཀྱི་གནས་ཚད་ནང་ སྡོད་པའི་སྐབས་ལས་ སྔོན་བྱིན་ཚུ་ སྤྲོད་དེ་ཡོདཔ་ལས་ ང་བཅས་ཀྱིས་ ཁབ་འཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།

བློན་ཆེན་གྱིས་ ཕུན་ཚོགས་གླིང་ལས་ ཀོ་བིཌ་ཐོབ་མི་གསརཔ་ མ་འཐོན་མི་དེ་ཡང་ ཕྱི་མི་འོང་མི་མེད་པའི་ཁར་ སྨན་ཁབ་དེ་གིས་ ཕན་ཐོགས་བྱུང་ཡོད་པའི་ ཆ་བཞག་དོ་ཟེར་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *