༉ ད་རེས་ནངས་པར་ རྒྱ་གར་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མིའི་ གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ལས་ འབྲུག་ལུ་ཡང་ གནོད་ཉེན་ཡོད་མི་ལུ་བརྟེན་ མི་ཚུ་གི་ ཁ་ཐུག་ལས་ ཉེན་སྲུང་གི་ ཐབས་ལམ་ཚུ་ ག་དེ་དྲག་དྲག་ ལག་ལེན་འཐབ་དགོ་པའི་ དྲན་བསྐུལ་འབདཝ་ཨིན་པས།
གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ སླབ་མིའི་ནང་ ནད་ཡམས་ཀོ་བིཌ་-༡༩ སྔོན་འགོག་གི་ ཉེན་སྲུང་ཐབས་ལམ་ ལགཔ་ཆུ་འཁྱུ་ནི་དང་ ཁ་རས་འཕྲོ་མཐུད་དེ་ར་ ཚུལ་མཐུན་སྦེ་ ལག་ལེན་འཐབ་སྟེ་ རྒྱལ་ཁབ་འདི་ ཨ་རྟག་གི་ གནས་སྟངས་ནང་བཞག་ནི་དེ་ གལ་ཆེ་ཟེར་ཨིན་པས།
ཀོ་བིཌ་-༡༩ གི་ས་ མ་དོ་བར་ མི་སྤུངས་འཛོམས་འབད་སར་ ཁ་རས་དང་ ལགཔ་ཆུ་འཁྱུ་མི་དེ་གིས་ སྤྱིར་བཏང་གི་ནད་གཞི་ ཚ་རིམས་དང་ བཤལ་ནད་ དེ་ལས་ དབུགས་གཏོང་ལེན་དང་འབྲེལ་བའི་ ནད་གཞི་ཚུ་ འཐོབ་ནི་ལས་ བཀག་ཐབས་འབད་ཚུགས་ཟེར་ གསོ་བ་བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་བདེ་ཆེན་དབང་མོ་གིས་འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༡ ལས་ ད་ཚུན་གྱི་བར་ན་ རྒྱལ་ཁབ་ནང་ མི་༡༤༣ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ ནདཔ་༡ སྨན་ཁང་ནང་ བཞག་དགོཔ་བྱུང་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ ནད་ཡམས་ཐོབ་མིའི་གྱངས་ཁ་ དུམ་གྲ་ཅིག་ ཡར་སེང་སོང་ཡོདཔ་ལས་ གསོ་བ་ལྷན་ཁག་གིས་ འཕྲོ་མཐུད་དེ་ར་ གནས་སྟངས་ཚུ་ དམ་དམ་སྦེ་ར་ ལྟ་རྟོག་འབད་དོ་ཡོདཔ་ད་ གལ་སྲིད་ སྔོན༌འགོག༌གི་ ཐབས་ལམ་ཚུ་ བཏོན་དགོཔ་ཡོད་པ་ཅིན་ རྒྱལ་ཁབ་ལུ་ སྙན་ཞུ་འབད་འོང་ཟེར་ གསོ་བ་བློན་པོ་གིས་ སླབ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༣༠ ལུ་ རྒྱ་གར་ལུ་ མི་༡༨,༨༡༩ དེ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ སྙན་ཞུ་ནང་ གསལ་བཀོད་འབད་ནུག།
འཛམ་གླིང་གསོ་བའི་ཚོགས་སྡེ་དང་འཁྲིལཝ་ད་ འདས་པའི་བདུན་ཕྲག་ནང་ ཀོ་བིཌ་-༡༩ ཐོབ་མིའི་ གྱངས་ཁ་དེ་ བརྒྱ་ཆ་༡༨ དེ་ཅིག་ ཡར་སེང་སོང་ཡོདཔ་བཞིན་དུ་ འཛམ་གླིང་ནང་ མི་ས་ཡ་༤.༡ ལུ་ ནད་གཞི་ཐོབ་ཡོདཔ་སྦེ་ སྙན་ཞུ་འབད་ནུག།
ཨིན་རུང་ འཛམ་གླིང་སྤྱི་ཚོགས་གསོ་བའི་ལས་སྡེ་གིས་ འཕྲལ་ཁམས་ཀྱི་ འཛམ་གླིང་ཀོ་བིཌ་-༡༩ འི་ སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ནད་ཡམས་ལུ་བརྟེན་ ཤི་རྐྱེན་བྱུང་མིའི་ གནས་སྟངས་དེ་ འདས་པའི་བདུན་ཕྲག་དང་ གཅིག་མཚུངས་སྦེ་ར་ གནས་ཏེ་འདུག་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལ་བ་ཅིན་ ཀོ་བིཌ་-༡༩ ལུ་བརྟེན་ ཤི་རྐྱེན་བྱུང་མིའི་ གནད་དོན་དེ་ མི་ཌཱལ་ཨིསིཊ་དང་ ཤར་ལྷོ་ཨེ་ཤི་ཡ་ དེ་ལས་ ཨེ་མི་རི་ཀ་ལུང་ཕྱོགས་༣ ནང་ ཡར་སེང་སོང་ནུག་ཟེར་ཨིན་པས།
འཛམ་གླིང་གསོ་བའི་་ཚོགས་སྡེ་གིས་ བཀོད་མིའི་ནང་ ནད་ཡམས་ཐོབ་མིའི་ གྱངས་ཁ་དེ་ ཡུ་རོབ་དང་ ཤར་ལྷོ་ཨེ་ཤི་ཡ་ལུ་ བརྒྱ་ཆ་༣༢ དང་ ཨེ་མི་རི་ཀ་ལུ་ བརྒྱ་ཆ་༡༤ དེ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཊི༌ཌོསི་ ཨེ་དཱན་ནོམ་ གི་བི་རི་ཡི་སཱསི་གིས་ སླབ་མིའི་ནང་ ནད་ཡམས་དེ་ རྒྱལ་ཁབ་༡༡༠ ལུ་ ཡར་སེང་སོང་མི་ཡང་ མང་ཤོས་ར་ ཨོ་མི་ཀོ་རཱོན་ བི་ཨེ་༤ དང་ བི་ཨེ་༥ ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་ཡམས་དེ་ བསྒྱུར་བཅོས་སོང་ཡོདཔ་ལས་ ད་ལྟོ་ ནད་གཞི་དེ་ ཞི་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་ཚུ་གིས་ གསོ་བའི་ལས་བྱེདཔ་བརྩིས་ཏེ་ སྐྱེས་ལོ་༦༠ ཡན་ཆད་དང་ ཉེན་ཅན་གྱི་ མི་རློབས་ཚུ་ སྨན་ཁབ་བཙུགས་དགོཔ་སྦེ་ ཞུ་བ་འབད་མི་དེ་ཡང་ ད་རེས་ མི་རློབས་ས་ཡ་ལས་བཅད་ སྨན་ཁབ་མ་བཙུགས་པར་ཡོདཔ་ལས་ ཉེན་ཁ་ཡོད་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ འཛམ་གླིང་ནང་ ནད་བཀག་སྨན་ཁབ་ཐུན་ཚད་ཐེར་འབུམ་༡.༢ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་སྤྱང་ཀ་ཚུ་ནང་ སྨན་ཁབ་ཁྱབ་ཚད་དེ་ བརྒྱ་ཆ་༡༣ ལས་བརྒལ་མིན་འདུག་ཟེར་ཨིན་པས།
འདས་པའི་ཟླཝ་ནང་ ཡུ་ཨེསི་དབང་འཛིན་གྱིས་ ཨ་ལོ་ཆུང་ཀུ་དང་ སློབ་གྲྭ་ནང་ མ་འགྱོ་མི་ ཨ་ལོ་ས་ཡ་༡༨ ལུ་དམིགས་ཏེ་ ནད་ཡམས་སྨན་ཁབ་ འགོ་བཙུགས་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།