བཀྲིས་སྒང་ ཆེ་ན་རི་ལུ་ཡོད་པའི་ ཀོ་ཕུ་ཀོ་ཨོམ་བཟོ་སྦྱོར་ཁང་།

ཀོ་ཕུ་ཀོ་ཨོམ་བཟོ་སྦྱོར་ཁང་གིས་ ཉེ་འདབས་ཀྱི་ས་གནས་ཚུ་ལས་ ཨོམ་བསྡུ་ལེན་འགོ་བཙུགས་ཡོདཔ།

༉ ཤར་ཕྱོགས་རྫོང་ཁག་གི་མི་སེར་ཚུ་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ བཀྲིས་སྒང་ ཆེ་ན་རི་ལུ་ཡོད་པའི་ ཀོ་ཕུ་ཀོ་ཨོམ་བཟོ་སྦྱོར་ཁང་གིས་ བཀྲིས་སྒང་རྫོང་ཁག་གིས་མ་ཚད་པར་ མོང་སྒར་གྱི་ས་གནས་ ཡ་ལྡི་དང་ སྔ་ཚང་ དེ་ལས་ ལྕགས་སི་མཁར་ལས་ཡང་ ཨོམ་བསྡུ་ལེན་འབད་ནི་ འགོ་བཙུགས་ནུག།
དེ་ཡང་ ཟླཝ་འདི་ནང་ལས་ འགོ་བཙུགས་ཡོདཔ་ད་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༡,༠༠༠ དང་༣,༠༠༠ གི་བར་ན་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནང་འཁོད་ཨོམ་བཟོ་སྦྱོར་འབད་མི་ ཛམ་བྷ་ལ་དར་ཚིལ་བཟོ་ནིའི་དོན་ལུ་ ཨོམ་མང་སུ་དགོ་ཟེར་ཨིནམ་ད་ ཚོང་འབྲེལ་ཐད་ཁར་ དཀའ་ངལ་མེདཔ་ད་ ད་ལྟོ་ མཁོ་འདོད་བཀོད་མི་ཚུ་ར་ འགྲུབ་མ་ཚུགས་པར་ཡོད་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལས་སྡེ་གིས་ ཉིན་བསྟར་བཞིན་དུ་ བཀྲིས་སྒང་ལས་ ཨོམ་མི་ཊར་༡,༠༠༠ དང་༡,༣༠༠ གི་བར་ན་ ལེན་དོ་ཟེར་ཨིནམ་ད་ ཨོམ་བསྡུ་ལེན་འབད་མི་ སྣུམ་འཁོར་གཏང་པ་ཅིན་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༢༨ དང་ དེ་མེན་དངུལ་ཀྲམ་༣༥ རེ་ བྱིན་དོ་ཟེར་ཨིན་པས།
ལས་སྡེ་དང་འཁྲིལ་བ་ཅིན་ ཟླ་རིམ་བཞིན་དུ་ སོ་ནམ་པ་ཚུ་གིས་ ཨོམ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ས་ཡ་༢ ལྷགཔ་རེ་ བཟོ་ནི་ཡོད་ཟེར་ཨིནམ་ད་ ཨོམ་འབད་རུང་ སྤུས་ཚད་ཡོད་ཟེར་ཨིན་པས།
ལས་སྡེ་གིས་ ཨོམ་གི་ཐོན་སྐྱེད་ཚུ་ཡང་ ཚྭ་ཡོད་པའི་མར་དང་ ཚྭ་མེད་པའི་མར་ ཞོ་ཧམ་པ་མ་འདྲཝ་༢ དེ་ལས་ ཛམ་བྷ་ལ་དར་ཚིས་ཚུ་ བཟོ་དོ་ཡོདཔ་ཨིན་པས།
ལས་སྡེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ མཁས་དབང་ཚེ་རིང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲལ་འཕྲལ་མགྱོགས་ར་ ལོག་འཐུང་ནིའི་ཞོ་ བཟོ་འོང་ཟེར་ཨིནམ་ད་ མ་འོངས་པའི་ནང་ ཁྱེགས་ཟས་ཚུ་ཡང་ བཟོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ དངུལ་ཀྲམ་ས་ཡ་༤༤༥ གནས་པའི་ དར་ཚུལ་ཚུ་ ནང་འདྲེན་འབད་དེ་འདུག་ཟེར་ ཁོ་གིས་ བཤད་པའི་ཁར་ ལས་སྡེ་གིས་ ནང་འདྲེན་མར་ཕབ་འབད་ནི་ཨིན་པས།
ཨོམ་གི་ཐོན་སྐྱེད་ར་ཡོད་པ་ཅིན་ ཚོང་འབྲེལ་གྱི་ གོ་སྐབས་སྦོམ་འདུག་ཟེར་ཨིནམ་ད་ ལས་སྡེ་ལུ་བརྟེན་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ཡང་ ཡར་དྲག་སོང་སྟེ་ཡོད་ཟེར་ཨིན་པས།
ལུང་ཕྱོགས་གཞན་དང་ཕྱདཔ་ད་ ཤར་ཕྱོགས་ལུང་ཕྱོགས་ནང་ ནོར་གསོ་སྐྱོང་འཐབ་ནི་དང་ དེའི་ཐོན་ཁུངས་ཀྱི་ཚོང་འབྲེལ་དེ་ ལེགས་ཤོམ་སོང་སྟེ་འདུག་ཟེར་ཨིནམ་ད་ དེ་ཡང་ ཚོང་ལམ་ལེགས་ཤོམ་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨོམ་གི་ཚོང་ལམ་ ལེགས་ཤོམ་ཡོདཔ་ལས་བརྟེན་ མི་སེར་ཉམ་ཆུང་ཚུ་གིས་ རང་སོའི་ཨ་ལོ་ཚུ་ སྒེར་གྱི་སློབ་གྲྭ་ནང་ བཏང་ཚུགས་པའི་ཁར་ སྐྱིན་ཚབ་ཡང་ དུས་ཚོད་ཁར་ བཏབ་ཚུགས་པས་ཟེར་ཨིན་པས།
ལས་སྡེ་གི་ ཐོ་བཀོད་དང་འཁྲིལ་བ་ཅིན་ མི་སེར་ཚུ་གིས་ འདས་པའི་ཟླཝ་༣ གྱི་ནང་འཁོད་ ལས་སྡེ་ལུ་ ཨོམ་ལི་ཊར་༧༦,༣༧༩ བཙུགས་མི་ལས་ འོང་འབབ་དངུལ་ཀྲམ་ས་ཡ་༢.༦༢ ལྷགཔ་ཅིག་ བྱིན་ཡོདཔ་ད་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༤,༠༠༠ དེ་ཅིག་ དགོཔ་འདུག་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་འཁྲིལ་བ་ཅིན་ རམ་ཀོ་གི་ རྒྱབ་སྐྱོར་ཐོག་ལས་ བདེ་བ་ཐང་ལུ་ཡོད་པའི་ ཨོམ་བཟོ་སྦྱོར་ཁང་དེ་ ལེགས་བཅོས་འབད་ཞིནམ་ལས་ གཝ་ད་དར་ཚིལ་དང་ ནང་འཁོད་ལས་ཐོན་མི་ དར་ཚིལ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ད་རེས་ བཀྲིས་སྒང་བསམ་མཁར་དང་ ར་ལྡི་ དེ་ལས་ གཡང་གཉེར་རྒེད་འོག་ཚུ་ལས་ ཨོམ་བསྡུ་ལེན་འབད་དོ་ཡོདཔ་ད་ ད་རུང་ བཀྲིས་གཡང་རྩེ་དང་ བཀང་ལུང་གི་ ས་གནས་ཚུ་ལས་ཡང་ ཨོམ་ལེན་ནིའི་འཆར་གཞི་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

སྨན་ཁབ་ཐེངས་༢ པ་མ་ལྷོད་ཚུན་ ཉེན་སྲུང་གི་སྒྲིག་གཞི་ལུ་ ཚུལ་མཐུན་གནས་དགོཔ།

༉ ང་བཅས་ར་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་དང་པ་བཙུགས་ཏེ་ བདུན་ཕྲག་༡༤ ལང་ནི་ཨིནམ་ལས་ འབྲུག་མི་ཚུ་གིས་ སྨན་ཁབ་ལས་རིམ་ཐེངས་༢ པའི་སྐོར་ལས་ དྲི་དཔྱད་འབད་ནི་ འགོ་བཙུགསཔ་ཨིན་མས། སྨན་ཁབ་ལས་རིམ་དང་པའི་ནང་ རྒྱལ་ཁབ་ནང་འཁོད་ལས་ …

Leave a Reply

Your email address will not be published. Required fields are marked *