ཞོ་བཟོ་བའི་བསྒང་།

ཀོ་ཕུ་ཀུ་རྒྱལ་སྤྱི་ཚད་འཛིན་གྱིས་ ཨོམ་གྱི་ཐོན་སྐྱེད་མ་འདྲཝ་ཚུ་ བཟོ་ནི་འགོ་བཙུགས་ཡོདཔ།

༉ ཨོམ་གྱི་སྤུས་ཚད་ ཡར་དྲག་སོང་མི་དང་བསྟུན་ བཀྲིས་སྒང་ལུ་ ཀོ་ཕུ་ཀུ་རྒྱལ་སྤྱི་ཚད་འཛིན་ཟེར་མི་ ཨོ་ཆས་ཁང་དེ་གིས་ ཨོམ་གྱི་ཐོན་སྐྱེད་མ་འདྲཝ་ཚུ་ བཟོ་ནི་འགོ་བཙུགས་ནུག།
ཟླཝ་འདི་ནང་ སུ་ཡིཛ་གི་ ཞོ་བཟོ་མི་དེ་གིས་ མི་སེར་ཚུ་དང་ ས་གནས་ཀྱི་ཁྲོམ་ལས་ བསམ་ལན་ལེགས་ཤོམ་ཐོབ་ཡོདཔ་སྦེ་ ཀོ་ཕུ་ཀུ་རྒྱལ་སྤྱི་ཚད་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལས་སྡེ་དེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨྱོན་དོན་གྲུབ་ཀྱིས་ བཤད་མིའི་ནང་ ཨོ་ཆས་ཁང་དེ་གིས་ ཞོ་ཧམ་པ་མ་འདྲཝ་༤ བཟོཝ་ཨིན་ཟེར་ཨིན་པས།
དེ་ཡང་ ས་གནས་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་ ཤིང་འབྲས་མ་འདྲཝ་ཚུ་ བླུགས་ཞིནམ་ལས་ བཟོཝ་ཨིན་ཟེར་ཨིན་པས།
མོང་སྒར་ ཝེན་མཁར་ལུ་ཡོད་མི་ རང་བཞིན་སླར་འབྱུང་ཞིབ་འཚོལ་དང་གོང་འཕེལ་ལྟེ་བའི་ འགོ་དཔོན་ཚུ་གིས་ བཀྲིས་སྒང་ བཀའ་ལུང་གི་ མི་སེར་སོ་ནམ་པ་ སྡེ་ཚན་ཅིག་ སྤང་གི་ཚལ་ལུ་ འཛུགས་སྐྱོང་འབད་ནིའི་དོན་ལུ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ དེ་ཚུ་ ཨོམ་གྱི་ཐོན་སྐྱེད་ བཟོ་བསྒྱུར་འབད་ནིའི་ནང་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ཨྱོན་དོན་གྲུབ་ཀྱིས་འབད་བ་ཅིན་ ཨོ་ཆས་ཁང་དེ་གིས་ ཉིནམ་རེ་ལུ་ ཞོ་ཕོརཔ་༥,༠༠༠ ལས་༡༠,༠༠༠ གི་བར་ན་ བཟོ་ནི་ཨིནམ་ལས་ བདུན་ཕྲག་རེའི་བར་ན་ སྤང་གི་ཚལ་ལུ་ཀེ་ཇི་༡༥༠ དེ་ཅིག་ དགོ་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ཉིནམ་གཅིག་ནང་ ཞོ་རིགས་མ་འདྲཝ་༤ བཟོ་ནི་ཨིནམ་ལས་ དེ་ནང་གི་རྫས་སྦྱོར་ ཤིང་འབྲས་ཚུ་ ས་གནས་ནང་ལས་ ཐོབ་མི་རྐྱངམ་གཅིག་ ལག་ལེན་འཐབ་ནི་ཟེར་ཨིན་པས།
ཨོ་ཆས་ཁང་དེ་གིས་ འགོ་དང་པ་ གའུ་ཌ་དར་ཚིལ་བཟོ་ཡོདཔ་ད་ ཁོང་གིས་བཟོ་མི་དེ་ ས་གནས་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་ བཟོ་མི་བཟུམ་མེན་པར་ སོ་སོར་སྦེ་བཟོ་ཡོད་མི་དེ་ཡང་ མི་སེར་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནིའི་དོན་ལུ་མེན་པར་ ཁོང་གི་ འཚོ་སྐྱོང་ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འཕྲལ་མགྱོགས་ར་ ཨོ་ཆས་ཁང་དེ་གིས་ ས་གནས་ཀྱི་ དར་ཚིལ་དང་མར་ལ་སོགས་པ་ཚུ་ བཟོ་ནི་དེ་ འ་ནེམ་ཅིག་སྦེ་ བཞག་ནི་ཟེར་ཨིན་པས།
དེ་ཡང་ ཁོང་གིས་ སྤུས་ཚད་དང་ལྡན་པའི་ཨོམ་ཚུ་ ཐོབ་ཚུགས་དོ་ཡོདཔ་ལས་ དེ་དང་བསྟུན་པའི་ ཨོམ་གྱི་ཐོན་སྐྱེད་ རིན་གོང་སྦོམ་གནས་མི་ཚུ་ ཕྱིར་ཚོང་འཐབ་བཏུབ་པའི་ སྤུས་ཚད་ཅན་གྱི་ཐོན་སྐྱེད་ཚུ་ བཟོ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
ཚྭ་བླུགས་མི་མར་དང་ འཕྲོད་བསྟེན་ལུ་ཕན་པའི་ ཨོམ་ལས་བརྟེན་བཟོ་མི་ འཐུང་ནིའི་རིགས་ཚུ་གིས་ ས་གནས་ནང་གི་ མི་སེར་དང་ཁྲོམ་ལས་ བསམ་ལན་ལེགས་ཤོམ་ཐོབ་ཡོདཔ་མ་ཚད་ ཚྭ་བླུགས་མི་མར་དེ་ ཐིམ་ཕུག་ལུ་ཡང་ མཁོ་མངགས་འབད་དོ་ཡོདཔ་ལས་ དེ་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ ཨྱོན་དོན་གྲུབ་ཀྱིས་ བཤདཔ་ཨིན་པས།
ཨོ་ཆས་ཁང་དེ་གིས་ འབྲུག་མཁའ་འགྲུལ་དང་གཅིག་ཁར་ ཨོམ་ཐོན་སྐྱེད་ཀྱི་ ཅ་ཆས་ནང་འདྲེན་འཐབ་མི་ཚུ་ ཁོང་གི་ཨོ་ཆས་ཁང་ལས་ མཁོ་སྒྲུབ་འབད་དེ་ ལག་ལེན་འཐབ་པ་ཅིན་ཟེར་ གྲོས་བསྟུན་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཀོ་ཕུ་ཀུ་རྒྱལ་སྤྱི་ཚད་འཛིན་གྱིས་ ཐོན་སྐྱེད་འབད་མི་ གའུ་ད་དལ་ཚིལ་ནང་ གཟུགས་ཁར་ཕན་ཐོགས་ཡོད་པའི་ ཟས་བཅུད་པོ་རོ་ཊིན་ཡོདཔ་ལས་ དེ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་ཐོགས་སྦོམ་ཡོདཔ་སྦེ་ཨིན་པས།
དེ་མ་ཚད་ མང་དང་གཅིག་ཁར་བཟའ་བ་ཅིན་ ཆང་ནང་ གཟུགས་ཁར་ཕན་མི་ རྫས་སྦྱོར་ཚུ་ དེ་གིས་སྦེ་ གནོད་མ་ཚུགསཔ་བཟོ་ནི་གི་ ཁེ་ཕན་ཡོད་ཟེར་ཨིན་པས།
ཨོ་ཆས་ཁང་དེ་ནང་ ཨོམ་གྱི་སྤུས་ཚད་ ལེགས་བཅོས་འབད་བ་གིས་མ་ཚད་ ཨོམ་གྱི་ མང་ཉུང་ཡང་ ཡར་སེང་འབད་ཡོདཔ་སྦེ་ཨིན་པས།
ཀོ་ཕུ་ཀུ་རྒྱལ་སྤྱི་ཚད་འཛིན་དེ་ནང་ ཧེ་མ་འབད་བ་ཅིན་ ཨོམ་ལི་ཊར་༤༥༠ ལེན་དོ་ཡོདཔ་ཨིན་རུང་ ད་རེས་ ཡར་སེང་འབད་དེ་ ཨོམ་ལི་ཊར་༡༨༠༠ ལེན་དོ་ཡོདཔ་ཨིན་པས།
ཨོ་ཆས་ཁང་གིས་ ཟླ་རིམ་བཞིན་དུ་ ཨོམ་མཁོ་སྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢.༢ ཟད་འགྲོ་བཏང་དོ་ཡོདཔ་ད་ ད་ལྟོ་ མི་སེར་སོ་ནམ་པ་སྡེ་ཚན་༩ ལས་ ཨོམ་ལེན་དོ་ཡོདཔ་ད་ ཁྱིམ་གུང་པ་༢༠༠ ལྷགཔ་ཅིག་གི་ཨོམ་ཚུ་ ཀོ་ཕུ་ཀུ་རྒྱལ་སྤྱི་ཚད་འཛིན་ལས་སྡེ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *