ཀེ་ཧང་གི་ འདབ་མ་སྐམ་ཀེ་ཇི་༡༥༩ སྐྱེལ་འདྲེན་འབད་མི་ དོགས་ཅན་༥ འཚོལ་བའི་བསྒང་ཡོདཔ།

ད་ཚུན་གྱི་བར་ན་ དོགས་ཅན་༢ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་བཏང་ནུག།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ སྨྱོ་རྫས་ཀྱི་གྲངས་སུ་ཚུད་མི་ ཀེ་ཧང་གི་ འདབ་མ་སྐམ་ཀེ་ཇི་༡༥༩ སྐྱེལ་འདྲེན་འབད་མིའི་ནང་ དོགས་པ་ཅན་༧ ཡོད་རུང་ ད་ཚུན་གྱི་བར་ན་ དོགས་ཅན་༢ མ་གཏོགས་ འཛིན་བཟུང་འབད་མ་ཚུགས་པར་ཡོདཔ་ཨིན་པས།
དོགས་པ་ཅན་གཞན་དེ་ཚུ་ ད་ལྟོ་ འཚོལ་བའི་བསྒང་ཡོདཔ་ད་ འཛིན་བཟུང་འབད་མི་ དོགས་ཅན་སྐྱེས་ལོ་༣༣ དང་༥༤ ལང་མི་ ཕོ་སྐྱེས་༢ ཀྱི་ རྩོད་དོན་དེ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་ཚར་ཏེ་ ཉེས་བཤེར་གྱི་དོན་ལས་ སྤྱི་ཟླ་༨ པའི་ཚེས་༧ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༤ ལུ་ ནུབ་མོའི་ ཆུ་ཚོད་༡༡ དེ་ཅིག་ཁར་ ས་གནས་ཏོ་ཀ་ཕུང་ལས་ སྣུམ་འཁོར་བོ་ལེ་རོ་ཅིག་ནང་ ཀེ་ཧང་འདབ་མ་སྐམ་ འབག་འགྱོ་དོ་ཡོད་པའི་ སྙན་ཞུ་ལྷོད་མི་དང་འཁྲིལ་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ ས་ཁོངས་ནང་བཏང་རུང་ བདའ་ཟུན་མ་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འཕྲོ་མཐུད་འབདཝ་ད་ དེ་གི་ནངས་པར་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ཁར་ ཀེ་ཧང་འབག་འོང་མི་ སྣུམ་འཁོར་དེ་ བདའ་ཟུན་ཡོད་རུང་ དེད་གཡོགཔ་དང་ དོགས་ཅན་གཞན་༢ བྱོག་ཡར་སོཔ་ལས་ བོ་ལེ་རོ་དང་སྦྲགས་ཏེ་ ཀེ་ཧང་ཀེ་ཇི་༡༥༩ ཡོད་མི་ ཕད་ཙེ་༨ འཕྱོག་བཟུང་འབད་ནུག།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྐྱེས་ལོ་༣༣ ལང་མི་ དོགས་ཅན་དེད་གཡོགཔ་དེ་ སྤྱི་ཟླ་༦ པའི་ཚེས་༧ ལུ་ ཕུན་ཚོགས་གླིང་ལས་ འཛིན་བཟུང་འབད་དེ་ དེ་གི་ནངས་པར་ ཇོ་མོ་གཙང་ཁ་ལུ་ ཁྱིད་འོང་ཡི་ཟེར་ཨིན་པས།
དེད་གཡོགཔ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྫོད་བཀོད་མིའི་ནང་ ཀེ་ཧང་དེ་ ཁོ་གི་མེན་པར་ ཨ་ཞང་གི་ཨིནམ་ལས་ ཨ་ཞང་གིས་ འགྲུལ་འཕྲིན་ལོག་ཅི་ར་ ལྷོད་མི་ལུ་བརྟེན་ ལེན་པར་སོང་ཡི་ཟེར་ཨིན་པས།
དོགས་ཅན་དེད་གཡོགཔ་དེ་ ཀེ་ཧང་སྐྱེལ་འདྲེན་འབད་བའི་སྐབས་ ཁྲིམས་སྲུང་འགག་པ་ལུ་ ཤེས་རྟོགས་བྱུངམ་ལས་ ཕུན་ཚོགས་གླིང་ལུ་ ཁོ་རའི་གནས་ཚང་དང་གཅིག་ཁར་ བསྟུན་གྲོས་འབད་བར་ བྱོག་སོང་ཡོདཔ་ད་ གནས་ཚང་གིས་འབད་བ་ཅིན་ རྨགཔ་བྱོག་འོངམ་ད་ ཇའི་སྒང་ལུ་ཕྱད་པའི་སྐབས་ ལཱ་འཛོལ་བ་འབད་མི་དེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དགོ་ཟེར་ སླབ་བཞིན་དུ་ ཁོ་ར་གིས་ ཁྲིམས་སྲུང་འགག་པ་ལུ་ མགོ་སྒུར་མི་དང་འཁྲིལ་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་ཚུ་ སྤྱི་ཟླ་༧ པའི་ཚེས་༧ ལུ་ བཀྲིས་ཐང་སྦྱིས་ལས་ ཕོག་ཅི་རི་ཚུན་ ཀེ་ཧང་སྐྱེལ་འདྲེན་འབདཝ་ད་ ཆ་རོགས་འབད་མི་ དོགས་པ་ཅན་ཚུ་ འཚོལ་བར་འགྱོ་བའི་སྐབས་ ཀེ་ཧང་གི་ཇོ་བདག་ སྐྱེས་ལོ་༥༤ ལང་མི་ དོགས་ཅན་དེ་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *