ཀེ་ཧང་ཁུ་བའི་ སྨན་རིགས་བཟོ་ནིའི་དོན་ལུ་ ཚོང་འབྲེལ་ཆོག་ཐམ་ སྤྲོད་སྤྲོདཔ་མེདཔ།

༉ ཐིམ་ཕུག་གི་ ས་གནས་ཅིག་ནང་ལས་ ཀེ་ཧང་གི་ ཁུ་བ་བཏོན་ཏེ་ སྨན་རིགས་བཟོ་ཞིནམ་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་རུང་ ལྕང་ཟམ་ཏོག་ལུ་ཡོད་པའི་ བསྟན་རྒྱས་ལྷན་ཁག་གི་ ལུང་ཕྱོགས་ཡིག་ཚང་གིས་ དེ་བཟུམ་མའི་ ཚོང་འབྲེལ་གྱི་དོན་ལུ་ ཆོག་ཐམ་སྤྲོད་སྤྲོདཔ་ མེད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ བརྡ་བརྒྱུད་ནང་ གནས་ཚུལ་གསལ་བཀོད་འབད་ས་ མཐོང་བའི་ཤུལ་ལུ་ དབྱེ་ཞིབ་ཀྱི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ཨིན་པས།

འགོ་དཔོན་ཅིག་གིས་འབད་བ་ཅིན་ ཀེ་ཧང་དེ་ ཚོང་འབྲེལ་གྱི་ ཐོ་ནང་འབད་རུང་ ནེ་གེ་ཊིབ་ཐོ་ནང་ ཚུད་དེ་ཡོདཔ་ལས་ ཁོང་གིས་ ག་ཐོབ་སྦེ་ ཆོག་ཐམ་སྤྲོད་མི་ཆོག་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ནེ་གེ་ཊིབ་ཐོ་ནང་ཚུད་མི་ ཅ་ཆས་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཆོག་ཐམ་སྤྲོད་དགོ་པ་ཅིན་ ཅ་ཆས་ཚུ་ བདག་དབང་ལུ་འཛིན་པའི་ ལས་སྡེ་ཚུ་ལས་ ཉོགས་མེད་ཡི་གུ་ འབག་འོང་ཟེར་ཨིན་པས།

དཔྱེ་འབད་བ་ཅིན་ སྨན་རྫས་ཀྱི་ རིགས་གསརཔ་ཅིག་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཆོག་ཐམ་སྤྲོད་དགོ་པ་ཅིན་ སྨན་རིགས་རྒྱུན་བཀོད་དབང་འཛིན་ལས་ ཉོགས་མེད་ལག་ཁྱེར་ འབག་འོང་དགོཔ་ཨིན་པས།

དེ་བཟུམ་སྦེ་ ད་རེས་ཀྱི་ ཀེ་ཧང་ལས་ ཁུ་བ་བཏོན་ཏེ་ ཐོན་སྐྱེད་བཟོ་ནིའི་ཐད་ལུ་འབད་རུང་ གལ་སྲིད་ ཚོང་འབྲེལ་འཐབ་ཆོག་ནི་ཨིན་པ་ཅིན་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལས་ ཉོགས་མེད་ལག་ཁྱེར་ འབག་འོང་དགོཔ་ད་ དེ་བཟུམ་ལྷོད་ལྷོདཔ་མེདཔ་ལས་ ཆོག་ཐམ་ཚུ་ཡང་ སྤྲོད་སྤྲོདཔ་མེད་ཟེར་ཨིན་པས།

ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཚོང་འབྲེལ་ལས་སྡེ་ ཡོད་མེད་རྩ་ལས་ར་ མ་ཤེས་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གནད་དོན་དེ་ལུ་ཡང་ ཡིག་ཚང་གིས་ ས་གནས་ག་ཏེ་ཨིན་ན་ འཚོལ་ཞིབ་འབད་དེ་ དབྱེ་དཔྱད་འབད་ཐོག་ལས་ ནང་བཟོ་དང་ བཟོ་གྲྭ་ཆུང་བའི་ལས་ཁུངས་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ འབྲེལ་བ་འཐབ་པའི་སྐབས་ དེ་བཟུམ་མའི་ ལས་སྡེའི་སྐོར་ལས་ ཤེས་རྟོགས་མེདཔ་སྦེ་ སླབ་ཡོདཔ་ཨིན་རུང་ ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཚར་གཅིག་ ལས་སྡེ་དེ་ལུ་ ཚོང་འབྲེལ་བཤོལ་བཞག་འབད་དགོ་པའི་ ཉེན་བརྡ་ཡང་ བྱིན་ཏེ་ཡོད་ཟེར་ཨིན་པས།

ད་རེས་ ལུང་ཕྱོགས་ཚོང་འབྲེལ་ཡིག་ཚང་གིས་ སྨན་རིགས་ཀྱི་པགས་ཀོ་གུ་ གསལ་བཀོད་འབད་དེ་ཡོད་མི་ ཚོང་འབྲེལ་ཆོག་ཐམ་གྱི་ ཨང་གྲངས་དེ་ དབྱེ་ཞིབ་འབད་བའི་སྐབས་ ཤ་མུ་འཛུགས་སྐྱོང་འབད་ནིའི་དོན་ལུ་ སྤྲོད་ནུག་ཟེར་ཨིན་པས།

འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་༼འཕྲི་སྣོན་༽བཅའ་ཁྲིམས་༢༠༡༨ ཅན་མའི་ དོན་ཚན་༡༢༨ དང་འཁྲིལཝ་ད་ བཅའ་ཁྲིམས་འདི་གི་ནང་གསལ་ལྟར་ བཀག་སྡོམ་ ཡང་ན་ བཀག་འཛིན་འབད་ཡོད་པའི་ ཉེར་སྤྱོད་དོན་ལུ་ ཀེ་ན་བིས་དང་ དེ་ལས་བཟོ་མི་རིགས་ ཁྲིམས་འགལ་ཐོག་ འཛུགས་སྐྱོང་དང་ གསོ་སྐྱོང་ ཡང་ན་ བསྡུ་བསྒྱོམ་འབད་བའི་རྩོད་ཟླ་ཅིག་ལུ་ ཁྲིམས་འགལ་ཐོག་ འཛུགས་སྐྱོང་དང་ གསོ་སྐྱོང་ ཡང་ན་ བསྡུ་བསྒྱོམ་འབད་བའི་ གནོད་འགལ་གི་ ཉེས་སྐྱོན་ཕོག་དགོ་ཟེར་འདུག།

བཅའ་ཁྲིམས་ཀྱི་ དོན་ཚན་༡༢༩ པའི་ནང་ གལ་སྲིད་ རྩོད་ཟླ་གིས་ བཅའ་ཁྲིམས་དེ་གི་ཟུར་དེབ་༧ པར་ གཏན་འཁེལ་འབད་ཡོད་པའི་ གྲངས་འབོར་གྱི་ གཉིས་ལྟབ་དང་འདྲ་མཉམ་ ཡང་ན་ གཉིས་ལྟབ་ལས་ལྷག་པའི་སྔོ་ཤིང་ཚུ་ འཛུགས་སྐྱོང་དང་ གསོ་སྐྱོང་ ཡང་ན་ བསྡུ་བསྒྱོམ་འབད་བ་ཅིན་ དབྱེ་རིམ་གསུམ་པའི་ ཉེས་ཆེན་སྨིན་དགོ་ཟེར་འདུག།

དོན་ཚན་༡༣༩ པ་དང་འཁྲིལ་བ་ཅིན་ རྩོད་ཟླ་ཅིག་ ཁྲིམས་འགལ་གྱི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ཚུ་ལུ་བརྟེན་པའི་ ཉེས་སྐྱོན་ཕོག་ནི་དེ་ཡང་ གལ་སྲིད་ ཁོ་འམ་མོ་གིས་ བདག་བཟུང་དང་ ནང་འདྲེན་ ཕྱིར་བཙོང་ བསགས་བཞག་ ཉོ་བཙོང་ ཉོ་སྒྲུབ་ སྐྱེལ་འདྲེན་ བགོ་བཀྲམ་ ཡང་ན་ གཙང་དག་གི་ དབྱེ་བ་དང་ བཟོ་ཐངས་ཀྱི་ཁྱད་པར་ག་ཅི་ཡོད་རུང་ བཅའ་ཁྲིམས་འདི་གི་ཟུར་དེབ་༡ པ་དང་༢ པའི་ནང་གསལ་ལྟར་གྱི་ རྫས་རིགས་གང་རུང་ཟེར་ བཀོད་དེ་འདུག།

ཀེ་ཧང་དེ་ཡང་ རིགས་མ་འདྲཝ་སྦེ་ཡོདཔ་བཞིན་དུ་ ད་རེས་ ལས་སྡེ་ཅིག་གིས་ སྨན་རྫས་བཏོན་ནིའི་དོན་ལུ་ ལག་ལེན་འཐབ་མི་དེ་ ཧེམཔི་ཟེར་མི་དེ་ཨིན་པས།

དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཧེམཔ་དེ་ སྤྱིར་བཏང་ཀེ་ཧང་དང་ཕྱདཔ་ད་ རིང་སུ་སྦེ་ སྐྱེ་དོ་ཡོད་པའི་ཁར་ པགས་ཀོ་ཤུབས་ཏེ་ སྐུདཔ་བཟོ་བཏུབ་པའི་ཁར་ འདབ་མ་ཚུ་ ཕགཔ་གི་ལྟོ་སྦེ་ བྱིན་དོ་ཡོདཔ་ལས་ ཕག་པ་སྣམ་ཟེར་ཡང་ སླབ་མས་ཟེར་ཨིན་པས།

ཨིན་རུང་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚན་རིག་དང་ ཤེས་རིག་གི་དོན་ལུ་ ཞིབ་འཚོལ་འབད་ནི་ཨིན་པ་ཅིན་ གནང་བ་བྱིན་དོ་ཡོདཔ་ལས་ ད་ལྟོ་ ལས་སྡེ་དག་པ་ཅིག་ལུ་ གནང་བ་སྤྲོད་དེ་ཡོད་ཟེར་ཨིན་པས།

ཀུན་གསལ་གྱིས་ ཐོན་སྐྱེད་ཅིག་གི་ ཤོག་སྒམ་ཐོབ་ཡོདཔ་ད་ དེའི་གུ་ ནང་ན་ཡོད་པའི་ ཀེ་ཧང་གི་ ཁུ་བའི་ཚད་གཞི་ མི་ལི་ལི་ཊར་༡༠ དང་ གོང་ཚད་དངུལ་ཀྲམ་༢,༠༠༠ དེ་ལས་ ཆོག་ཐམ་གྱི་ ཨང་གྲངས་དང་འབྲེལ་བ་འཐབ་སའི་ འགྲུལ་འཕྲིན་ཨང་གྲངས་ཚུ་ཡང་ གསལ་བཀོད་འབད་དེ་འདུག།

ཀེ་ཧང་ཁུ་བའི་སྨན་དེ་ ཉོ་ནིའི་དོན་ལུ་ ཌོག་ཊར་ཚུ་ལས་ སྨན་ཡིག་ཚུ་ཡང་ མི་དགོ་དོ་ཡོདཔ་ལས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་དོ་ཡོདཔ་ཨིན་པས།

སྨན་རྫས་དེ་གི་ ཤོག་སྒམ་གུ་ བཀོད་དོ་བཟུམ་འབད་བ་ཅིན་ དེ་གིས་ ཀེན་སར་དང་ ཕག་ནད་ གུ་རམ་ནད་ དབུགས་གཏོང་ལེན་གྱི་ནད་ རུ་ཏོག་གི་ནད་ མཁལ་རྡོག་གི་ནད་ མགུ་ནད་ དེ་ལས་ ན་ཟུག་མ་འདྲཝ་ཚུ་ལུ་ ཕན་ནི་ཨིནམ་སྦེ་ བཀོད་འདུག་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *