༉ རྒྱལ་ཁབ་ནང་ དངུལ་ཐོག་ཚུ་གི་གྲས་ལས་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་མི་གཅིག་ ཀེ་བ་ཨིན་རུང་ ལོ་བསྟར་བཞིན་དུ་ ཀེ་བ་ཀེ་ཇི་སྟོང་ཕྲག་ལས་བཅད་དེ་ རི་དྭགས་སེམས་ཅན་དང་ རང་བཞིན་གྱི་རྐྱེན་ངན་ཚུ་གིས་ མེདཔ་བཏང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཀེ་བ་མེ་ཊིག་ཊཱོན་༡,༠༨༣ དེ་ཅིག་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ རང་བཞིན་གྱི་རྐྱེན་ངན་ ཆརཔ་ལུ་བརྟེན་རུལ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་སྦོམ་ཕོག་ཡོདཔ་ད་ ན་ཧིང་ཡང་ ཀེ་བ་ཀེ་ཇི་སྟོང་ལས་བཅད་དེ་ མེདཔ་ཐལ་ནུག།
ཀེ་བ་མེ་ཊིག་ཊཱོན་རེ་ལུ་ ཀེ་ཇི་༡,༠༠༠ ཨིནམ་ལས་ སྤྱི་ལོ་༢༠༡༥ ལུ་ ཀེ་བ་ཡོངས་བསྡོམས་ ཀེ་ཇི་༡,༠༨༣,༠༠༠ མེདཔ་ཐལ་ཡོདཔ་ད་ གལ་སྲིད་ ཀེ་བ་དེ་ ཚོང་འབྲེལ་འཐབ་ཡོདཔ་ཨིན་པ་ཅིན་ འོང་འབབ་དངུལ་ཀྲམ་ས་ཡ་༥༤ དེ་ཅིག་ བཟོ་ཚུགས་ནི་ཨིན་པས།
ཀེ་བ་མཐོ་ཤོས་ར་ རྩི་རང་རྫོང་ཁག་ནང་ ཀེ་ཇི་༢༤,༥༠༠༠ མེདཔ་ཐལ་ཡོདཔ་ད་ དེའི་ཤུལ་ལས་ སྤ་རོ་ལུ་ཀེ་ཇི་༡༩༨,༠༠༠ ཧཱ་ལུ་ཀེ་ཇི་༡༦༣,༠༠༠ ཉུང་ཤོས་ གཞལམ་སྒང་རྫོང་ཁག་ནང་ ཀེ་ཇི་༡༠༠ མེདཔ་ཐལ་ཡོདཔ་ད་ ས་ཆ་ལས་བཅད་པ་ཅིན་ ཡོངས་བསྡོམས་ས་ཆ་ཨེ་ཀར་༥༠༢ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ ཀེ་བ་ཚུ་ མེདཔ་ཐལ་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཀེ་བ་དེ་ ངོ་མ་ར་ རི་ཕག་དང་ ཀ་ཤ་ཚུ་གིས་ མེདཔ་བཏངམ་མས་ཟེར་ཨིནམ་ད་ དེ་ལས་ ལྷོ་མཚམས་རྫོང་ཁག་ཚུ་ནང་འབད་བ་ཅིན་ གླངམོ་ཆེ་ཚུ་གིས་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བཀྲིས་སྒང་བཀང་ལུང་རྒེད་འོག་གིས་ ཀེ་བ་མཐོ་ཤོས་ ཐོན་སྐྱེད་འབད་དོ་ཡོདཔ་ད་ རྒེད་འོག་གི་ སྤང་ཐང་གཡུས་ཚན་ལས་ ཚེ་རིང་གིས་ སླབ་མིའི་ནང་ ཀེ་བ་ཚུ་ རི་ཕག་གིས་ མེདཔ་བཏང་དོ་ཡོདཔ་ལས་ ཉིན་ནུབ་མེད་པར་ སྲུང་དགོཔ་ཐོནམ་མས་ཟེར་ཨིནམ་ད་ གལ་སྲིད་ གཞུང་གིས་ གློག་ཐག་ར་བ་གི་ རྒྱབ་སྐྱོར་གནང་པ་ཅིན་ ཀེ་བའི་ཐོན་ཤུགས་ ཡར་སེང་འབད་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
ད་རེས་ནངས་པར་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་རུང་ གློག་ཐག་ར་བ་གིས་ ཕན་ཐོགས་བྱུང་དོ་ཡོདཔ་ད་ བཀང་ལུང་རྒེད་འོག་ནང་ དེ་བཟུམ་གྱི་ཞབས་ཏོག་ མ་ལྷོད་ནི་དེ་གིས་ སོ་ནམ་ཚུ་གིས་ དངུལ་ཐོག་དེ་ ཉིན་ནུབ་མེད་པར་ སྲུང་དགོཔ་ཐོན་དོ་ཡོདཔ་ཨིན་པས།
དཀའ་ངལ་ཅིག་ ཀེ་བ་དེ་ དུས་ཚོད་ཁར་ བཙོང་མ་ཚུགས་པ་ཅིན་ རུལ་དོ་ཡོདཔ་ལས་ དེ་གིས་ སོ་ནམ་པ་ཚུ་ལུ་གྱོང་རྒུད་སྦོམ་ཕོག་དོ་ཡོདཔ་ད་ དེ་ཡང་ ཤར་ཕྱོགས་རྫོང་ཁག་གི་ སོ་ནམ་པ་ཚུ་གིས་ ཀེ་བ་དེ་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ འབག་འགྱོ་བའི་སྐབས་ རེ་འདོད་དང་བསྟུན་ གོང་མ་ཐོབ་པའི་སྐབས་ བསྒུག་སྡོད་དགོཔ་ཐོན་དོ་ཡོདཔ་ལས་ ཀེ་བ་ཚུ་ རུལ་འགྱོ་དོ་ཡོདཔ་ཨིན་པས།
འདི་བཟུམ་གྱི་དཀའ་ངལ་དེ་ ནུབ་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་གི་ སོ་ནམ་པ་ཚུ་ལུ་ཡང་ ཕུན་ཚོགས་གླིང་རིན་བསྡུར་ཁང་ནང་ གོང་ཚད་ལེགས་ཤོམ་མ་ཐོབ་པའི་སྐབས་ལུ་ བྱུང་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ རྒྱལ་ཁབ་ནང་ ཀེ་བ་མེ་ཊིག་ཊཱོན་༣༦,༨༥༥ ཐོན་སྐྱེད་འབད་མི་དེ་ དངུལ་ཐོག་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་ད་ སོན་གྱི་དོན་ལུ་ མེ་ཊིག་ཊཱོན་༧,༣༨༩ བཞག་དོ་ཡོདཔ་བཞིན་དུ་ ལྷག་ལུས་དེ་ ཚོང་སྒྱུར་འཐབ་སྟེ་ འོང་འབབ་དངུལ་ཀྲམ་ས་ཡ་༥༣༢ ཐོབ་ནུག།
སོ་ནམ་ལས་ཁུངས་ཀྱི་ སོ་ནམ་འགོ་དཔོན་གོངམ་ ཚེ་དབང་གིས་ སླབ་མིའི་ནང་ ད་རེས་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ གློག་ཐག་ར་བ་གི་ ཞབས་ཏོག་བྱིན་དོ་ཡོདཔ་ལས་ དེ་བཟུམ་གྱི་ཞབས་ཏོག་ མ་ལྷོད་པའི་གཡུས་སྒོ་ཚུ་ནང་ ར་བ་བགོ་བཀྲམ་འབད་བའི་སྐབས་ ཀེ་བའི་ཐོན་སྐྱེད་དེ་ ལེ་ཤ་གིས་ ཡར་སེང་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།