སོ་ནམ་པ་ཚུ་གིས་ རིན་བསྡུར་ཁང་ནང་ ཕད་ཙ་རྦད་སག་ས་སྦེ་ ཀེ་བ་ལྟིར་འབག་འོང་མི་ཚུ།

ཀེ་བ་ཚུ་ ཕད་ཙེའི་ནང་ ལྟིར་འབག་འོང་མི་གིས་ གོང་ཚད་ལུ་ གནོད་དོ་ཡོདཔ།

༉ ད་རེས་ནངས་པར་ བསམ་གྲུབ་ལྗོངས་མཁར་ལུ་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་གིས་ ཀེ་བ་རིན་བསྡུར་ཐོག་ བཙོང་ནིའི་དོན་ལུ་ ཕད་ཙེ་ནང་ལྟིར་ཏེ་ འདེགས་འབག་འོང་མི་དེ་གིས་ གོང་ཚད་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་གི་ འཛིན་སྐྱོང་པ་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ཀེ་བ་ཚུ་ ཕད་ཙེའི་ཚད་དང་མ་འཁྲིལ་བར་ལྟིར་ཏེ་ ཕད་ཙེའི་ཁ་བཙེམ་མ་ཚད་ ཀེ་བ་ཚུ་ཡང་ ཆེ་ཆུང་མེད་པར་ སླ་བསྲེས་ཏེ་ འབག་འོང་མི་ལུ་བརྟེན་ ཀེ་བའི་གོང་ཚད་ལེགས་ཤོམ་མེད་མི་གུ་ ཧེང་སྐལ་ར་ གནོདཔ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རིན་བསྡུར་ཁང་གི་ ལམ་ལུགས་དང་འཁྲིལཝ་ད་ ཕད་ཙེའི་ནང་ ཀེ་བ་ཀེ་ཇི་༥༠ དང་ མཐོ་ཤོས་༥༥ ལས་ ལྷག་སྟེ་ འདེགས་མ་ཆོགཔ་ཨིན་རུང་ ད་རེས་ནངས་པར་ མི་ཚུ་གིས་ ཀེ་ཇི་༧༠ དང་༨༠ ལས་ལྷག་སྟེ་ དོ་བསྡམས་འབག་འོང་ནི་འདུག་ཟེར་ཨིན་པས།
རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ ཀེ་བ་ཚུ་ མང་ཤོས་ར་ ས་ཁ་མཐོ་ས་ལས་ འཐོན་དོ་ཡོདཔ་ལས་ ཕད་ཙེ་ནང་ལྟིར་འབག་འོངམ་ད་ བསམ་གྲུབ་ལྗོངས་མཁར་བཟུམ་མའི་ ཚ་དྲོད་ཅན་གྱི་ ས་ཁོངས་ནང་ ལྷོད་པའི་བསྒང་ལས་ རུལ་དོ་ཡོདཔ་ལས་ དེ་གིས་ གོང་ཚད་ལུ་ གནོདཔ་མས་ཟེར་ཨིན་པས།
རིན་བསྡུར་ཁང་གིས་ སྤུས་ཚད་ལྡན་པའི་ ཕད་ཙེ་ཚུ་ གོང་ཚད་མར་ཕབ་ཀྱི་ཐོག་ལས་ བྱིན་དོ་ཡོདཔ་ལས་ ཀེ་བ་འཛུགས་སྐྱོང་འབད་མི་ཚུ་གིས་ ཕད་ཙེའི་ཚད་གཞི་དང་འཁྲིལ་ དོ་བསྡམས་ཏེ་འབག་འོང་པ་ཅིན་ གོང་ཚད་ལུ་ གནོད་དགོཔ་མེད་པའི་ཁར་ ཀེ་བ་ཚུ་ཡང་ རུལ་དགོཔ་མེད་ཟེར་ རྣམ་རྒྱལ་དབང་ཕྱུག་གིས་ བཤད་ཅི།
འབྲུག་ལས་ ཀེ་བའི་ཚོང་འབྲེལ་འཐབ་སྟེ་ ལོ་༡༨ དེ་ཅིག་ལང་མི་ རྒྱ་གར་གྱི་མི་ཁུངས་ ཀ་དར་ཨ་ལི་གིས་ སླབ་མིའི་ནང་ རྒྱ་གར་ལས་ ཀེ་བ་འབོར་ཆེ་ཏོག་ཏོ་སྦེ་ཐོན་རུང་ འབྲུག་པའི་ཀེ་བ་ཚུ་ ཉོ་མི་དེ་ ཟ་བའི་སྐབས་ བཅུད་ཅན་དང་ དེ་ནང་ རྫས་སྦྱོར་ལག་ལེན་མེད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་ འབྲུག་པའི་ཀེ་བ་སྦོམ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༧ དེ་རེ་སྦེ་ ཉོ་དོ་ཡོད་རུང་ དེ་ལུ་ ཁེ་སང་མེད་མི་དེ་ བརྒྱ་ཆ་༣ འབྲུག་བཟའ་སྤྱོད་ལས་འཛིན་དང་ ལས་མིའི་གླ་ཆ་དངུལ་ཀྲམ་༣.༥༠ དེ་ལས་ དོས་གླ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡.༣༠ རེ་ སྤྲོད་དགོ་ནི་དེ་གིས་ཨིན་ཟེར་ ཀ་དར་ཨ་ལི་གིས་ བཤདཔ་ཨིན་པས།
དེ་མ་ཚད་ འབྲུག་མི་ཚུ་གིས་ ཀེ་བ་ཕད་ཙེའི་ནང་ ལེགས་ཤོམ་སྦེ་ མ་འདེགས་མི་དེ་གིས་ཡང་ གོང་ཚད་ལུ་ གནོད་པའི་ཁར་ ཀེ་བ་ཆེ་ཆུང་མེད་པར་ སླ་བསྲེས་ཏེ་ བསྡམ་ནི་མེན་པར་ སོ་སོར་སྦེ་ བསྡམ་ཚུགས་པ་ཅིན་ གོང་ཚད་ལེགས་ཤོམ་འཐོབ་ནི་གི་ འོས་འབབ་ཡོད་ཟེར་ སླབ་ཨིན་པས།
བཀྲིས་སྒང་གོང་འཐུང་ལས་ སྐྱེས་ལོ་༤༦ ལང་མི་ རྒྱལ་མཚན་དང་ ཆ་རོགས་ཚུ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ཀེ་བ་ཚད་ལས་བརྒལ་ ཕད་ཙེ་ནང་ལྟིར་འབག་འོང་མི་དེ་ སྐྱེལ་འདྲེན་གྱི་གླ་ཆ་ ཀེ་བ་ཕད་ཙེ་རེ་ལུ་ དངུལ་ཀྲམ་༩༠ རེ་ སྤྲོད་དགོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཀེ་བའི་གོང་ཚད་ ལེགས་ཤོམ་མ་ཐོབ་མིའི་ གནད་དོན་༡ པོ་དེ་ ཀེ་བ་ནམ་ར་ བཙོང་པར་འོང་རུང་ ཀེ་བ་ཉོ་མི་ ཧེ་མའི་མི་ཚུ་ར་ འོང་མི་ལུ་བརྟེན་ཨིནམ་ད་ ཕུན་ཚོགས་གླིང་གི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་མི་ལས་ ཉོ་མི་ལེ་ཤ་འོང་དོ་ཡོདཔ་ཨིན་པས།
རྣམ་རྒྱལ་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱ་གར་ལས་ ཀེ་བ་ཉོ་མི་ གསརཔ་འོང་པ་ཅིན་ འོང་མ་ཆོགཔ་མེད་ཟེར་ཨིནམ་ད་ མང་ཤོས་ར་ ལམ་ཐག་རིང་སར་ལས་ འོང་དགོ་པའི་ཁར་ ཀེ་བ་ལས་ ཁེ་སང་གངམ་འཐོབ་ནི་མེད་མི་ལུ་བརྟེན་ ཨ་རྟག་གི་ མི་ཚུ་ར་ འོངམ་ཨིན་རུང་ ཚོང་མགྲོན་པ་ཚུ་ འཚོལ་དོ་ཟེར་ ཨིན་པའི་གནས་ཚུལ།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *