༉ ལྷུན་རྩེ་ཀུར་སྟོད་རྒེད་འོག་དེ་ རྒེད་འོག་ཚུ་གི་གྲས་ལས་ ལམ་ཐག་རིང་ཤོས་ཅིག་ཨིན་པའི་ཁར་ མཐའ་ཟུར་གྱི་ ས་གནས་ཅིག་ནང་ཆགས་ཡོད་རུང་ མི་དབང་རིམ་བྱོན་ཚུ་གི་ གདན་ས་ཅིག་ཨིནམ་ལས་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ཚུགསཔ་ཨིན་པས།
ཀི་ལོ་མི་ཊར་༤༣ ལྷགཔ་ཅིག་འབད་མི་ རྫོང་ཁག་ཁྲོམ་ལས་ ཀུར་སྟོད་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ སྤྱི་ལོ་༢༠༡༧ རྫོགས་ཁམས་ལུ་ རྩི་ནག་བཏང་ཚར་མི་དེ་གིས་ མི་སེར་སོ་ནམ་པ་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཕན་ཐོགས་བྱུང་ནུག།
རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ རི་དང་ནགས་ཚལ་ སྟུག་དྲགས་ཚུ་གི་སྦུག་ལས་ བཏོན་ཡོདཔ་ལས་ འདམ་གྱི་གནས་སྟངས་དང་ སའི་ཆགས་ཚུལ་ལུ་བརྟེན་ ཀི་ལོ་མི་ཊར་༣ དེ་ཅིག་ལུ་ རྩི་ནག་བཏང་མ་ཚུགས་པར་ ལུས་ཏེ་འདུག།
རྒེད་འོག་གི་སྦོ་ལོགས་ཁར་ ཚོང་ཁང་བཙུགས་སྡོད་མི་ བཀྲིས་ཚེ་རིང་གིས་ བསམ་འཆར་བཀོད་མིའི་ནང་ འཕྲལ་འཕྲལ་ར་ ཚོང་བཏོན་པར་ རྫོང་ཁག་དང་ མོང་སྒར་ དེ་ལས་ ཕུན་ཚོགས་གླིང་ལུ་ འགྱོ་བའི་སྐབས་ རྩི་ནག་ཡོངས་རྫོགས་སྦེ་ མ་བཏང་མི་ལུ་བརྟེན་ ཆརཔ་རྐྱབ་པའི་དུས་ཚོད་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
གདུང་དཀར་གཡུས་ཚན་ལས་ སྣུམ་འཁོར་བོ་ལི་རོ་གི་དེད་གཡོགཔ་ སྲིད་ཐར་གྱིས་ སླབ་མིའི་ནང་ ནདཔ་དང་ ཨ་ལོ་སྐྱེ་ནི་ཨིན་མི་ ཨམ་སྲུ་ཚུ་ སྣུམ་འཁོར་ནང་བཙུགས་ཏེ་ སྨན་ཁང་ནང་བསྐྱལ་བའི་སྐབས་ འདམ་ཁོག་ཁོ་དང་ ལམ་སྙོམས་ཏོང་ཏོ་ཅིག་མེདཔ་ལས་ ཀི་ལོ་མི་ཊར་ལས་བཅད་དེ་ ལམ་འགྲུལ་འབདཝ་ད་ དཀའ་ངལ་འབྱུང་ནི་ཡོད་ཟེར་ཨིན་པས།
སྟག་སྦིས་ཚོགས་པ་ ཨྱོན་ཚེ་རིང་གིས་འབད་བ་ཅིན་ ཀུར་སྟོད་གདུང་དཀར་དེ་ རྒྱལ་ཁབ་ནང་ ཆོས་སྲིད་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་སྐུ་འཁྲུངས་པའི་ གདན་ས་བྱིན་བརླབས་ཅན་ཅིག་ཨིནམ་ལས་ ལོ་བསྟར་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐུ་འཁོར་ལྷན་རྒྱས་ དེ་ལས་ ཕྱིའི་བལྟ་བཤལཔ་ཚུ་ རྒྱུན་མ་ཆད་པར་ བྱོན་དོ་ཡོདཔ་ཨིན་རུང་ འཁོར་ལམ་ཡོངས་རྫོགས་སྦེ་ རྩི་ནག་མ་བཏང་མི་དེ་ ཧ་གོ་མི་ཚུགས་པས་ཟེར་ཨིན་པས།
རྒཔོ་ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ ཁྲུམས་ཤིང་ལ་དང་ ལ་མཐོ་དྲགས་ཚུ་ནང་ཡང་ རྩི་ནག་བཏང་ཚུགསཔ་ཨིན་རུང་ རྒེད་འོག་གི་ལམ་དེ་ དེ་ཚུན་ཚོད་ རི་གུ་ཆགས་ཏེ་མེན་པའི་ཁར་ འདམ་པ་ཡང་ དེ་ཚུན་མེདཔ་ལས་ རྩི་ནག་བཏང་མ་ཚུགས་པའི་ དཀའ་ངལ་མ་མཐོང་ཟེར་ཨིན་པས།
རྫོང་ཁག་གི་ ལམ་སེལ་ལས་སྡེ་ལས་ ལྟ་རྟོག་པ་ བཟོ་རིག་འགོ་དཔོན་དགེ་ལེགས་ཀྱིས་ སླབ་མིའི་ནང་ རྫོང་ཁག་ལས་ རྒེད་འོག་ཚུན་ རྩི་ནག་བཏང་ཡོད་རུང་ རྒེད་འོག་གི་ སྦོ་ལོགས་ཁར་ལྷོདཔ་ད་ ཚལ་མ་དང་ རི་ ནགས་ཚལ་ སྟུག་དྲགས་སྦེ་ཡོད་མི་ལུ་བརྟེན་ འདམ་ཁོག་ཁོ་ནང་ རྡོ་དང་ ས་ག་དེ་ཅིག་བླུགས་རུང་ གཞི་འགྱམ་སྒྲིང་སྒྲི་བཟོ་མ་ཚུགསཔ་མ་ཚད་ རྩི་ནག་བཏང་རུང་ སྤུས་ཚད་དང་ལྡནམ་སྦེ་ གནས་མ་ཚུགསཔ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་ བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ འཆར་གཞི་༡༢ པའི་ནང་ རྩི་ནག་གཏང་མ་ཚུགས་རུང་ རྩི་ས་གཏང་ནིའི་དོན་ལུ་ འཆར་དངུལ་བཞག་སྟེ་ཡོདཔ་ད་ ལས་སྣ་དེ་ཡང་ ལམ་སེལ་ལས་སྡེ་གིས་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
འཆར་གཞི་༡༡ པའི་ནང་ རྫོང་ཁག་ནང་ རྒེད་འོག་༨ ཀྱི་ འཁོར་ལམ་རྩི་ནག་ཡོངས་བསྡོམས་ ཀི་ལོ་མི་ཊར་ ༩༨.༣༩༦ ལས་ ཀི་ལོ་མི་ཊར་༡༥ འབད་མི་ སྨད་མཚོ་རྒེད་འོག་རྐྱངམ་གཅིག་ ད་ལྟོ་ རྩི་ནག་བཏང་པའི་བསྒང་ ཡོདཔ་ཨིན་རུང་ འཁོར་ལམ་གཞན་ཚུ་ བཏང་ཚར་ཡི་ཟེར་ བཟོ་རིག་འགོ་དཔོན་དགེ་ལེགས་ཀྱིས་ སླབ་ཨིན་པའི་གནས་ ཚུལ།
ཀུར་སྟོད་ལས་ བཀྲིས་ཕུན་ཚོགས།