༉ སྤྱིར་བཏང་ལྷུན་རྩེ་དེ་ ཐགས་རིགས་ལུ་མཁས་མི་ རྫོང་ཁག་ཅིག་སྦེ་ ཡོངས་གྲགས་ཐོན་མི་དེ་ རྫོང་ཁག་དེ་ནང་ལྷོདཔ་ད་རྐྱངམ་གཅིག་ ལེགས་ཤོམ་སྦེ་ ཤེས་ཚུགས་མི་དེ་ཡང་ ཨམ་སྲུ་མང་ཤོས་ཅིག་གིས་ ཐགས་ལུ་གཙོ་བོར་བཏོན་ཏེ་ སྡོད་སར་མཐོངམ་ཨིན་པས།
རྫོང་ཁག་ནང་ རྒེད་འོག་༨ ཡོད་ས་ལས་ ཐགས་ལུ་ཤུགས་བཏོན་མི་དེ་ མཁོ་མ་རྒེད་འོག་ཨིནམ་བཞིན་དུ་ རྒེད་འོག་གི་ཨམ་སྲུ་ཚུ་གིས་ གནམ་བྱཱར་དགུན་མེད་པར་ ཐགས་འཐག་དོ་ཡོདཔ་ད་ དེ་ཡང་ ཁོང་གི་འཚོ་བའི་གནས་སྟངས་དེ་ ཐགས་ལུ་བརྟེན་སྡོད་ནི་དེ་གིས་ཨིན་པས།
རྒེད་འོག་ནང་འགྱོ་ལྟ་བའི་སྐབས་ ཞིང་ཁར་ཨམ་སྲུ་མང་སུ་སྦེ་ མ་མཐོང་མི་དེ་ཡང་ ཨམ་སྲུ་ཚུ་ ཐགས་འཐག་ནི་རྐྱངམ་གཅིག་ལས་བརྒལ་ ལཱ་གཞན་ཚུ་འབད་ནི་མེདཔ་ཨིན་པས།
མཁོ་མ་གཡུས་ཚན་རྐྱངམ་གཅིག་ནང་ར་ ཐགས་འཐག་མི་ཨམ་སྲུ་༣༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ ཁོང་གིས་ སྡེ་ཚན་བཟོ་ཐོག་ལས་ ཐགས་འཐག་དོ་ཡོདཔ་ད་ གཡུས་ཚན་གཞན་ཚུ་དང་ཕྱདཔ་ད་ མཁོ་མ་དེ་ འོང་འབབ་ཆེ་བའི་མི་ ཨིན་མི་དེ་ཡང་ ཁོང་གིས་ ཐགས་ལུ་བརྟེན་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༣༠༠,༠༠༠ དང་༧༠༠,༠༠༠ གྱི་བར་ན་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
ཨིན་རུང་ གོང་ཚད་ལས་བཅད་པ་ཅིན་ གྱོན་ཆས་ཐོན་སའི་ས་གོ་ མཁོ་མ་དང་གཞན་ཁར་ ཁྱད་པར་སྦོམ་མེདཔ་ལས་ དེའི་སྐོར་ལས་ཤེས་མི་ཚུ་གིས་ གཡུས་ཚན་ནང་ གོ་དང་དཀྱི་ར་ཉོ་བར་ འོང་མི་ཚུ་ཡང་ ལོག་འགྱོ་སར་ མཐོང་དོ་ཡོདཔ་ཨིན་པས།
ད་རེས་ མཁོ་མ་ལས་ཐོན་མི་ གོ་དང་དཀྱི་ར་མང་ཤོས་ཅིག་ ཐིམ་ཕུག་དང་ རྫོང་ཁག་གཞན་ཚུ་ནང་ ལྷོད་ནི་དེ་གིས་ མི་ཚུ་གིས་ སླབ་མིའི་ནང་ གོང་ལུ་ཁྱད་པར་སྦོམ་མེདཔ་ལས་ གོ་དང་དཀྱི་ར་ཐོན་ས་ལས་མེན་པར་ ཐིམ་ཕུག་བཟུམ་ཅིག་ལས་ཉོ་རུང་ ཁྱད་པར་སྦོམ་མིན་འདུག་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ཐིམ་ཕུག་ལུ་ སེར་ཤུ་གོ་ ལུང་སེརམོ་ཅིག་ལུ་ དངུལ་ཀྲམ་༨༠,༠༠༠ གནས་མི་དེ་ མཁོ་མ་ལུ་ མཁོ་མངགས་འབད་བའི་སྐབས་ དངུལ་ཀྲམ་༨༠,༠༠༠ སླབ་མས་ཟེར་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་དེ་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་སོང་མི་ སྤྱི་གཡོགཔ་ཅིག་གིས་ སླབ་ཨིན་པས།
སེར་ཤུ་གོ་ལེགས་ཤོམ་ཚུ་ རེ་རེ་ལུ་ དངུལ་ཀྲམ་༡༤༠,༠༠༠ དང་༡༥༠,༠༠༠ དང་ སེར་ཤུ་དཀྱི་ར་རེ་ལུ་ དངུལ་ཀྲམ་༨༠,༠༠༠ དང་༩༠,༠༠༠ གི་བར་ན་ གནས་དོ་ཡོདཔ་བཞིན་དུ་ དེ་ཚུ་ག་ར་ མེ་ཏོག་འཐུ་སྟེ་ཡོདཔ་ད་ དེ་ཚུ་འཐག་པའི་སྐབས་ལུ་ཡང་ ཟླཝ་ལས་བཅད་དེ་ འགོར་དོ་ཡོདཔ་ཨིན་པས།
ལོ་༡༣ དེ་ཅིག་གི་རིང་ ཐགས་འཐག་མི་ སེངྒེ་དབང་མོ་གིས་ སླབ་མིའི་ནང་ གོ་༡ འཐག་པ་ཅིན་ ཉུང་ཤོས་ཟླཝ་༧ དེ་ཅིག་འགོར་དོ་ཡོདཔ་ལས་ དུས་ཚོད་དང་ སྤུས་ཚད་དང་བསྟུན་ གོང་སླབ་དོ་ཟེར་ཨིནམ་ད་ གོ་དང་དཀྱི་ར་ཚུ་ མང་ཤོས་ཅིག་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ མཁོ་མངགས་འབད་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ གོང་ཚད་ཡར་སེང་འབད་མི་དེ་ ད་རེས་ནངས་པར་ སྐུདཔ་གི་གོང་ཚད་ཡང་ ཡར་སེང་སོང་ནི་དེ་གིས་ གོ་དང་དཀྱི་ར་གི་ གོང་ཚད་དུམ་གྲ་རེ་ ཡར་སེང་འབད་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ཨིན་རུང་ མཁོ་མངགས་འབད་མི་ཚུ་ རྒྱུན་མ་ཆད་པར་ འཐོན་ནི་ཡོད་ཟེར་ཨིན་པས།
ཐགས་འཐག་ནི་ལུ་ གཡུས་མི་རྐྱངམ་གཅིག་མེན་པ་ ད་རེས་ནངས་པར་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ཚུ་གིས་ཡང་ དཔེ་ཆ་འཕྲོ་མཐུད་མ་ལྷབ་པར་ རང་སོའི་གཡུས་ཚན་ནང་སྡོད་དེ་ ཐགས་འཐག་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ ཁོང་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁྲོམ་ཁར་ལཱ་གཡོག་མེད་པར་ སྤྱང་འཁྱམས་སྡོད་ནི་ལས་ ཐགས་འཐག་མི་དེ་ དྲག་པས་ཟེར་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།