ཀུན་དགའ་རབ་བརྟན་གྱི་ ཨང་རྒས་དང་ ཚ་བོ་དམར་བསད་འབད་མི་ལུ་ ཚེ་བཙོན་༢ བཀལ་ཡོདཔ།

༉ ཁ་ཙ་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ ལོ་༣ དེ་ཅིག་གི་ཧེ་མར་ ཀུན་དགའ་རབ་བརྟན་ལུ་ ཨང་རྒས་དང་ ཚ་བོ་དམར་བསད་འབད་མི་ ཉེས་ཅན་ཕོ་སྐྱེས་དེ་ལུ་ ཚེ་བཙོན་གཉིས་དང་ ཚེ་འདས་༢ ཀྱི་ ཁྱིམ་ནང་ལས་ འཕྲོག་བཅོམ་འབད་བའི་ བཙོན་ཁྲིམས་ལོ་༩ བཀལ་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ ཆུ་ཁ་གད་ལྟག་ནང་རྒེད་འོག་ལས་ སྐྱེས་ལོ་༤༦ ལང་མི་ རྩོད་ཟླ་དཀར་མདོག་གིས་ སྤྱི་ལོ་༢༠༡༥ ཟླ་༨ པའི་ཚེས་༥ འི་ནུབ་མོའི་ཆུ་ཚོད་༡༡ དང་༡༢ དེ་ཅིག་ཁར་ སྐྱེས་ལོ་༦༠ ལང་མི་ ཚེ་འདས་ཕུརཔ་ལྷ་མོའི་ ཚོང་ཁང་ནང་སོང་སྟེ་ མོ་ར་དང་ མོ་རའི་ཚ་བོ་ སྐྱེས་ལོ་༡༦ ལང་མི་ བསོད་ནམས་རྡོ་རྗེ་༢ གྱི་བརྫམས་རྐྱབ་སྟེ་ དམར་བསད་འབད་མི་དེ་ ཉེན་འཚུབས་ཅན་དང་ གདུག་རྩུབ་ཅན་ དྲག་ཤུགས་ཅན་ ཆེད་མངགས་ཀྱི་ གནོད་སེམས་ཐོག་ ཉེས་ལས་འཐབ་མི་ལུ་བརྟེན་ རྩོད་ཟླ་ལུ་ ཚེ་བཙོན་གཉིས་བཀལ་ཡི་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་ཟླ་དཀར་མདོག་ལུ་ ཉེས་འཛུགས་བཀལ་མིའི་ནང་ ཉེས་འཛུགས་ཅན་གྱིས་ སྤྱོ་ལོ་༢༠༡༣ ལུ་ ཚེ་འདས་ཕུརཔ་ལྷ་མོའི་ ཚོང་ཁང་ནང་ ཆ་རོགས་༢ འཁྱིད་དེ་ ཆང་འཐུང་པ་འགྱོ་བའི་སྐབས་ ཚེ་འདས་ཀྱིས་ ཁོ་ལུ་མོ་གི་དངུལ་སྒྲོམ་ནང་ལས་ དངུལ་ཀྲམ་༡,༠༠༠ བཏོན་འབག་ནུག་ཟེར་ ཨ་ཁུ་དཔག་ཡོདཔ་མ་ཚད་ མི་གཞན་གྱི་གདོང་ཁར་ སྐུར་འདེབས་འབད་བའི་གནད་ལས་ འཁོན་ལན་འཇལ་ཐབས་ལུ་ མོ་གསད་ནིའི་ འཆར་གཞི་བརྩམས་ནུག་ཟེར་ཨིན་པས།
རྩོད་ཟླ་དཀའ་མདོག་གིས་ མནོ་བཞིན་བསམ་བཞིན་ཐོག་ རིང་ཐུང་སེན་ཊི་མི་ཊར་༤༢ འབད་མི་ དཔའ་རྟགས་ཀྱིས་ ཚེ་འདས་ཕུརཔ་ལྷ་མོའི་ ལྟག་ལྐོག་གུ་ ཐེངས་༢ དང་༣ གྱི་བརྫམས་རྐྱབ་སྟེ་ སྲོག་གཅོད་འབད་བའི་སྐབས་ ཚ་བོ་བསོད་ནམས་རྡོ་རྗེ་གིས་ མཐོང་ཡོདཔ་ལས་ ཁོ་ལུ་ རྡོག་ཐལ་ཐེངས་མང་རབས་ཅིག་ བླུགས་ཡོདཔ་མ་ཚད་ ལགཔ་དང་མགུ་ཏོ་ དེ་ལས་ རྒྱབ་ཁར་ཚར་༦ དང་༧ དེ་ཅིག་ གྱི་བརྫམས་རྐྱབ་སྟེ་ དམར་བསད་འབད་ཡོད་པའི་ར་ཁུངས་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་གྱི་མངོན་རྟགས་ ཁྲིམས་སའི་རེ་སྐོང་ཡོངས་སུ་རྫོགས་པར་ སྟོན་ཡོདཔ་ལས་ ཚེ་བཙོན་གཉིས་སྨིན་དགོ་པའི་ འཁྲུན་ཆོད་གནང་ནུག།
ད་རུང་ རྩོད་ཟླ་གིས་ ཚེ་འདས་ཕུརཔ་ལྷ་མོ་དང་ ཚེ་འདས་བསོད་ནམས་རྡོ་རྗེ་༢ སྲོག་གཅོད་འབད་བའི་ཤུལ་ལུ་ ཚོང་ཁང་ནང་ཡོད་མི་ སྒྲོམ་སྤོག་སྟེ་ རྒྱུ་དངོས་བྱུ་རུ་དང་ མུ་ཏི་ཚུ་ བཏོན་འབག་ཡོདཔ་མ་ཚད་ དངུལ་ཀྲམ་༡༠,༠༠༠ ཨར་རྐུན་འབད་དེ་ འབག་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ དཀར་མདོག་ལུ་ བཙོན་ཁྲིམས་ལོ་༩ སྨིན་དགོ་པའི་ འཁྲུན་ཆོད་གནང་གྲུབ་པའི་ཁར་ ཁོང་གཉིས་ སྲོག་གཅོད་འབད་བའི་རྗེས་སུ་ ཁོ་རའི་གཟུགས་དང་ ཉེས་ལས་འཐབ་པའི་སྐབས་གྱོན་མི་ དོརམ་དང་ ཁེན་ཇར་ ལྷམ་ཚུ་ ཆུ་འཁྱུ་བཏང་སྟེ་ ཁྲིམས་འཐུན་དབང་འཛིན་ལས་ སྒྲུབ་བྱེད་ཙུ་ སྦ་གསང་ངམ་གཏོར་བཤིག་འབད་དེ་ ཉེས་བཤེར་ལུ་ བར་ཆད་རྐྱབ་ཡོད་པའི་ ར་ཁུངས་ཐོནམ་ལས་ བཙོན་ཁྲིམས་ཟླཝ་༡ བཀལ་ནུག།
དེ་མ་ཚད་ ཉེས་ཅན་དཀར་མདོག་གིས་ འཕྲོག་བཅོམ་འབད་བའི་ བྱི་རུ་༨ དང་ དངུལ་ཀྲམ་༡༠,༠༠༠ དེ་ལས་ ཚེ་འདས་གཉིས་ཀྱི་གྱོང་འཐུས་ བསྡོམས་དངུལ་ཀྲམ་ས་ཡ་༡.༨༠ ཤུལ་ཐོབ་ཅན་ ཚེ་དབང་ལྷ་མོ་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
འཁྲུན་ཆོད་དང་འཁྲིལཝ་ད་ རྩོད་ཟླ་གིས་ ཚེ་འདས་༢ གྱི་བརྫམས་རྐྱབ་མི་ གྱི་ཅུང་དེ་ ཕུན་ཚོགས་གླིང་ལས་ རིན་གོང་དངུལ་ཀྲམ་༡༥༠ སྤྲོད་དེ་ ཉོ་འབག་པའི་ཤུལ་ལུ་ གྱི་ཤུབས་གུ་ སྦྱར་ཐག་གནགཔོ་ཅིག་ཡང་སྦྱར་ཏེ་ དཀར་མདོག་ཁོ་ར་སྡོད་ས་ལས་ ཀུན་དགའ་རབ་བརྟན་འགྱོ་སའི་ ལམ་ལྟག་གི་ བྱག་ཕུག་ནང་ སྦ་བཞག་ནུག་ཟེར་ཨིན་པས།
རྩོད་ཟླ་གིས་ ཉེས་ལས་མ་འཐབ་པའི་ཧེ་མར་ བྱག་ཕུག་ནང་ལས་ གྱི་ཅུང་དེ་ བཏོན་འབག་སྟེ་ ཚེ་འདས་ཕུརཔ་ལྷ་མོའི་ཚོང་ཁང་ནང་སོང་སྟེ་ལྟཝ་ད་ ནང་ན་མེ་མ་བསད་པར་ ཚོང་ཁྱིམ་གྱི་ སྒོ་བསྡམས་ཏེ་ གཉའ་ཤིང་རྐྱབ་ཡོད་རུང་ ཚོང་མགྲོན་སྡོད་སའི་ཁང་མིག་དེ་ གཉའ་ཤིང་མ་རྐྱབ་པར་ཡོདཔ་ལས་ ཁོ་གིས་ སྒོ་ཕྱེ་སྟེ་ ནང་ན་འཛུལཝ་ད་ ཚེ་འདས་ཕུརཔ་ལྷ་མོ་གིས་ ཁོ་ལུ་ ཨརཝ་བརྐུ་བར་འོངམ་ཨིན་ན་ཟེར་སླབ་རུང་ ལན་ག་ནི་ཡང་མ་སླབ་པར་ ཚེ་འདས་གུ་ ཐེངས་གཉིས་དང་གསུམ་ གྱི་བརྫམས་རྐྱབ་པའི་བར་ན་ ཚོང་ཁང་ནང་ལས་ཨའི་ཟེར་ ཚ་བོ་གིས་ སྐད་རྐྱབ་ནུག་ཟེར་ཨིན་པས།
དེ་ལས་ ཁོ་གིས་ ཚ་བོ་དེ་ཡང་ དམར་བསད་འབད་བའི་ཤུལ་ལུ་ ལོག་ཁྱིམ་ནང་ འགྱོ་བའི་ལམ་ཁར་ ཀུན་དགའ་རབ་བརྟན་གཞི་རྟེན་སྨན་ཁང་གི་ ཉེ་འདབས་ལུ་ བྱག་ཡོད་སར་ལྷོདཔ་ད་ གྱི་ཅུང་དེ་ བྱག་ལས་མར་ བཀོག་བཏང་སྟེ་ དྲོ་པར་ཆུ་ཚོད་༣:༣༠ དེ་ཅིག་ཁར་ ཁོ་རའི་ཁྱིམ་ནང་སོང་སྦེ་ གནས་ཚང་དང་ མཉམ་ཉལ་སྡོད་ཡོདཔ་ཨིན་པས།
སྲུང་རྒྱབ་བགྲེསཔ་ཨིན་མི་ ཉེས་ཅན་དཀར་མདོག་དེ་ ཉིན་གྲངས་༢ ཀྱི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༧ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *