ལས་མི་ཚུ་གིས་ ལྗགས་ལུང་གནང་སའི་ མཆོད་ཁང་གུ་ ལཱ་འབད་བའི་བསྒང་།

ཀུན་གསལ་ཕོ་བྲང་ནང་ བཀའ་འགྱུར་གྱི་ལྗགས་ལུང་ དབུ་འཛུགས་ཀྱི་དོན་ལུ་གྲ་སྒྲིག།

༉ ཐིམ་ཕུག་ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་བཞུགས་སའི་ ས་ཁོངས་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀའ་འགྱུར་གྱི་ལྗགས་ལུང་ དབུ་འཛུགས་གནང་ནི་ལུ་ ཉིན་གྲངས་༣ ལས་བརྒལ་མེདཔ་ལས་ བཅའ་སྒྲིག་རྐྱབ་མི་ཚུ་གིས་ དུས་ཚོད་དང་ དོ་འགྲན་འབད་བའི་བསྒང་འདུག།
ད་ལྟོ་ སྟོན་པ་རྡོར་གདན་མའི་ གདོང་ཕྱོགས་ཀྱི་ཐང་དེ་ནང་ དུས་ཡུན་ཟླ་ངོ་༣ གྱི་རིང་ ལྗགས་ལུང་ཞུ་མི་ཚུ་སྡོད་སའི་ གུར་སྤུབས་ཚར་ཏེ་ཡོད་སར་ ཁ་ཙ་ ཁས་བླངས་པ་ ཨམ་སྲུ་དག་པ་ཅིག་གིས་ ཕྱགས་བཏར་རྐྱབ་པའི་བསྒང་ཨིནམ་བཞིན་དུ་ ལྷ་བྲིསཔ་སྡེ་ཚན་ཅིག་གིས་ འཛུལ་སྒོའི་གུ་ ཚོན་བཏངམ་ཨིན་པས།
དེ་ལས་ ཕྱིའི་ལས་མི་ཚུ་གིས་ རྩི་སའི་ལཱ་ཚུ་འབད་དེ་ མཆོད་ཁང་གི་ ཉེ་འདབས་ལས་ཕར་ རག་རོ་ཚུ་ བསྡུ་འགྱོམ་འབད་ཞིནམ་ལས་ སྣུམ་འཁོར་ནང་བླུགས་ཏེ་ ས་ཁོངས་ཧིང་སངས་ས་ བཟོ་དོ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།
མི་ཚུ་གིས་ འུར་བྱེལ་འཐབ་སྟེ་ ལཱ་འབད་མི་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢ སམ་ རང་ཟླ་༦ པའི་ཚེས་༡༠ལས་ བཀའ་འགྱུར་གྱི་ ལྗགས་ལུང་གནང་ནི་ འགོ་མ་བཙུགས་པའི་ཧེ་མར་ གྲ་སྒྲིག་བཟོ་ཐབས་ལུ་ཨིན་པས།
སྟོན་པ་རྡོར་གདན་མའི་ ལས་འགུལ་གྱི་ ལས་བྱེདཔ་དང་ གཞུང་འཕགས་པའི་དགེ་འདུན་གྲྭ་ཚང་ བཀའ་འགྱུར་ལུང་གི་སྦྱིན་བདག་ དེ་ལས་ རྙིང་མའི་བླ་སློབ་ཚུ་གི་ འགོ་འདྲེན་ཐོག་ལས་ བཅའ་སྒྲིག་གི་ ལཱ་འགོ་བཙུགས་ཏེ་ ཟླཝ་ལང་ནུག།
འབྲུག་རྒྱལ་ཡོངས་ཆོས་སྡེ་ལྷན་ཚོགས་ཀྱི་ རྙིང་མའི་སྐུ་ཚབ་ མཁན་པོ་དགའ་རབ་རྡོ་རྗེ་གིས་ བཤད་མིའི་ནང་ ལས་བྱེདཔ་ཚུ་གིས་ མཉམ་འབྲེལ་གང་དྲག་ཐོག་ལས་ ལཱ་འབད་མི་ལུ་བརྟེན་ བཅའ་སྒྲིག་ཚུ་ཡང་ མཐར་འཁྱོལ་ཅན་སྦེ་ འགྱོ་དོ་ཡོདཔ་མ་ཚད་ ལྗགས་ལུང་གནང་སའི་ བཞུགས་ཁང་བཟོ་སྐྲུན་དང་ ལྗགས་ལུང་ཞུ་མི་ དད་ཅན་༡༥,༠༠༠ལས་༥༠,༠༠༠གི་བར་ན་ ཤོང་ཚུགས་པའི་ ཉེན་སྲུང་དང་ལྡན་པའི་ དབུ་གུར་ཚུ་ སྤུབས་ཚར་ཡི་ཟེར་ཨིན་པས།
མཁན་པོ་གིས་ སླབ་མིའི་ནང་ བཀའ་འགྱུར་གྱི་ལྗགས་ལུང་ འགོ་བཙུགས་ནིའི་དོན་ལུ་ ཧ་ལམ་གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་ སྐུ་རིམ་སྦེ་ འགོ་འདྲེན་འཐབ་མི་ ལྗགས་ལུང་དེ་ དྲོ་པ་ཆུ་ཚོད་༦:༣༠ལས་འགོ་བཙུགས་ ཕྱི་རུ་ཆུ་ཚོད་༦:༣༠ཚུན་ གནང་ནི་ཨིན་པས།
སྐྱབས་རྗེ་རྗེ་མཁན་མཆོག་གིས་ ཐིམ་ཕུག་ལུང་གཤོང་ནང་ སྤྱི་ལོ་༢༠༠༠ཟླ་༦ པ་ལས་འགོ་བཙུགས་ ཟླ་ངོ་༣ གྱི་རིང་ བཀའ་འགྱུར་གྱི་ ལྗགས་ལུང་འགོ་དང་པ་ གནང་ཡོདཔ་ད་ སྐྱབས་རྗེ་མཆོག་ དགུང་ལོ་༡༠བཞེསཔ་ད་ རྒྱ་གར་ཀ་ལི་ཕུག་ལུ་ སྐྱབས་རྗེ་བདུད་འཇོམས་ཡེ་ཤེས་རྡོ་རྗེ་དང་ སྙུང་ཞི་མཁན་པོ་ འཇམ་དབྱངས་རྡེ་རྗེ་ལས་ བཀའ་འགྱུར་གྱི་ ལུང་གསན་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *