ཀི་ལོ་མི་ཊར་༡༧.༥ འབད་མིའི་ བང་རྒྱུག་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་་དང་ག་ཨིན་ན?

༉ ཨ་ལོ་ལུ་ ཨོམ་བྱིན་མི་ཨའི་དང་ ཚོགས་པ་ ཁྲིམས་སྲུང་འགག་པ་ དེ་ལས་ རྒན་ཤོས་ཚུ་གིས་ ད་རིས་ མགར་ས་ཚ་ཆུ་ལས་ མགར་ས་རྫོང་ཚུན་ ཀི་ལོ་མི་ཊར་༡༧.༥ འབད་མི་ བང་རྒྱུག་ནིའི་ ལས་རིམ་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

ལས་རིམ་དེ་ ཨིསི་ནོ་མེན་བང་རྒྱུག་ཡིག་ཚང་གིས་ འགོ་འདྲེན་འཐབ་མི་དེ་ཡང་ གནམ་གཤིས་འགྱུར་བགྲོད་དང་ དེའི་དཀའ་ངལ་ཚུ་གི་སྐོར་ གོ་བརྡ་སྤེལ་ཐབས་ལུ་ཨིནམ་མ་ཚད་ ལ་ཡ་རི་གྲུ་བཞིའི་ས་རུད་ཆད་འོང་མི་གིས་ མི་༡༠ གྱི་ཚེ་སྲོག་ལུ་ བར་ཆད་རྐྱབ་མི་ དེ་ལས་ འཕྲལ་ཁམས་ཅིག་ཁར་ མགར་ས་ཚ་ཆུ་དེ་ ཆུ་རུད་ཀྱིས་ རྩ་བ་ལས་ར་ འཕྱགས་བདའ་བའི་ རྐྱེན་ངན་ཚུ་ལུ་བརྟེན་ གནམ་གཤིས་འགྱུར་བགྲོད་ལུ་ ཨམ་སྲུ་ཚུ་གིས་ གདོང་ལེན་འབད་གེ་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

བཅའ་མར་གཏོགས་མི་ ཨམ་སྲུ་ལ་ལོ་ཅིག་ རང་སོའི་རྫོང་ཁག་ལས་ བང་རྒྱུག་ནང་ དྲག་ཤོས་ཐོན་མི་ཡང་ཡོདཔ་ད་ དཔྱེ་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ མགར་ས་ལས་ སྐྱེས་ལོ་༣༠ ལང་མི་ ཀརྨ་གཡང་སྒྲོན་གྱིས་ ལ་ཡ་བང་རྒྱུག་ནང་ ཨང་དང་པ་ཐོན་ཡོདཔ་ཨིན་པས།

ཀརྨ་གཡང་སྒྲོན་གྱིས་ སླབ་མིའི་ནང་ གཡུས་ཁར་སྡོད་པའི་སྐབས་ རྐྱེན་ངན་ཅོག་འཐདཔ་མི་འབྱུང་ག་ཟེར་བའི་ ཚ་གྱང་ལང་སྡོད་མི་ ཙང་ཙ་ཨིནམ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་སྐོར་ ཧ་གོ་དགོཔ་བཞིན་དུ་ ཨ་རྟག་བཟུམ་སྦེ་མེན་པར་ ད་རེས་ནངས་པར་ ཆརཔ་རྐྱབ་རུང་ རླུང་མ་ཤུགས་སྦེ་ འཕུ་བའི་སྐོར་ ལ་མཐོ་ས་ལས་ཕར་ སྡོད་མི་ཚུ་གིས་ ཚོར་དོ་ཡོདཔ་ལས་ དེ་གི་སྐོར་ལས་ གྲོས་བསྟུན་འབད་དགོཔ་གལ་ཆེ་ཟེར་ཨིན་པས།

རྫོང་ཁག་༢༠ ལས་ བཅའ་མར་གཏོགས་མི་ ཨམ་སྲུ་༢༠ ཡོད་མི་ཚུ་ཡང་ སྐྱེས་ལོ་༡༩ ལས་༥༡ གི་བར་ན་འབད་མི་ཚུ་ཨིན་པས།

སྐྱེས་ལོ་༥༡ ལང་མི་ བི་བི་ཚེ་རིང་དེ་ བང་རྒྱུག་ནང་ བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ རྒན་ཤོས་ཅིག་ཨིནམ་ད་ མོ་ར་ སྐྱེས་ལོ་༤༦ ལངམ་ད་ འགོ་དང་པ་ བང་རྒྱུག་འགྲན་བསྡུར་ནང་ བཅའ་མར་གཏོགས་ཞིནམ་ལས་ཚུར་ སེམས་ཤུགས་བསྐྱེད་སྡོད་མི་ཅིག་ཨིནམ་བཞིན་དུ་ བང་རྒྱུག་ནང་ བཅའ་མར་གཏོགས་མི་ རྒན་ཤོས་གངམ་མེདཔ་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ འབྲུག་རྒྱལ་སྤྱི་བང་རྒྱུག་འགོ་འདྲེན་འཐབ་པའི་སྐབས་ བི་བི་ཚེ་རིང་གིས་ འགོ་དང་པ་ དོ་འགྲན་འབདཝ་ད་ དྲག་ཤོས་ཨང་༡༠ པའི་ནང་ ཚུད་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ ཨིསི་ནོ་མེན་བང་རྒྱུག་ཡིག་ཚང་གིས་ སྔོན་འགྲོའི་ཨིསི་ནོ་མེན་བང་རྒྱུག་འགོ་འདྲེན་འཐབ་པའི་སྐབས་ བི་བི་ཚེ་རིང་ཡང་ ཨམ་སྲུ་༣ གདམ་འཐུ་འབད་མིའི་ གྲས་ཁར་ཚུད་ཡོདཔ་ཨིན་པས།

བི་བི་ཚེ་རིང་གིས་ སླབ་མིའི་ནང་ མོ་ར་ ལུས་རྩལ་འབད་མི་ མི་བརྒྱུད་ཨིནམ་བཞིན་དུ་ བང་རྒྱུག་ནི་ལུ་ སྤྲོ་བ་ཡོད་ནི་དེ་གིས་ ད་རིས་ བཅའ་མར་གཏོགས་མི་དེ་ཡང་ ཨམ་སྲུ་གཞན་ཚུ་དང་ དོ་འགྲན་འབད་ནི་མེན་པར་ མོ་རའི་ སྤྲོ་བ་ལུ་བརྟེན་ཨིན་ཟེར་ སླབ་ཨིན་པས།

མ་གཞི་ བི་བི་ཚེ་རིང་དེ་ ཐིམ་ཕུག་ལུ་ སྡོདཔ་ཨིན་རུང་ བང་རྒྱུག་ནང་ གསར་སྤང་རྫོང་ཁག་ལས་སྦེ་ བཅའ་མར་གཏོགས་དོ་ཡོདཔ་ད་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་དང་ བསམ་རྩེ་ལས་ བཅའ་མར་གཏོགས་མི་ ཨམ་སྲུ་མེད་རུང་ ཁས་བླངས་ཐོག་ལས་ ཨམ་སྲུ་གཞན་ཚུ་གིས་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ངོ་ཚབ་སྦེ་ སྐྱེས་ལོ་༡༩ ལང་མི་ བསོད་ནམས་ཆོས་སྐྱིད་ཀྱིས་ བཅའ་མར་གཏོགས་དོ་ཡོདཔ་ད་ མོ་གིས་ སློབ་རིམ་༡༢ པ་ མཐར་འཁྱོལ་ཡོདཔ་བཞིན་དུ་ སློབ་གྲྭ་ནང་ བང་རྒྱུག་ལས་རིམ་ལས་ དྲག་ཤོས་ཐོན་མི་ཅིག་ཨིན་པས།

དེ་བཟུམ་སྦེ་ སྐྱེས་ལོ་༣༢ ལང་མི་ ཁྲིམས་སྲུང་འགག་པ་ རིགས་གསུམ་ལྷ་མོ་དེ་ མགར་ས་ལུ་ འགོ་དང་པ་ ལྷོད་མི་ཅིག་ཨིནམ་ད་ མོ་ར་ དར་དཀར་ནང་རྫོང་ཁག་ལས་ ངོ་ཚབ་སྦེ་ གྲལ་གཏོགས་འབདཝ་བཞིན་དུ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༣,༡༥༠ འབད་མི་ ལ་མཐོ་སར་ བང་རྒྱུག་འབད་དགོཔ་ལས་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

བང་རྒྱུག་ནང་ བཅའ་མར་གཏོགས་མི་ག་ར་ སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ མགར་ས་ཚ་ཆུ་ལུ་ འཛོམས་ཡོདཔ་ཨིན་པས།

སྤ་རོ་བ་ར་གཞུང་དཀར་ན་སྤྱི་འོག་ལས་ སྐྱེས་ལོ་༣༡ ལང་མི་ ཚོགས་པ་བཙན་སྐྱོགས་བཟང་མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཨམ་སྲུ་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་ཡར་དྲག་གཏང་ནི་ལུ་ གོ་སྐབས་མ་བྱིན་པའི་ཁར་ བཀག་ཆ་འབད་བཞག་ནུག་ཟེར་ཨིན་པས།

གནམ་གཤིས་འགྱུར་བགྲོད་དང་བསྟུན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་དང་ གདོང་ལེན་ཚུ་ ཐོན་བཞིན་དུ་ཡོདཔ་ལས་ ཨམ་སྲུ་ཚུ་གིས་ དཀའ་ངལ་སེལ་ཐབས་ཀྱི་ གནད་དོན་དང་ མདུན་ལམ་བཟང་དགོ་པའི་སྐོར་ ཧ་གོ་དགོཔ་གལ་ཆེ་ཟེར་ མོ་གིས་ བཤདཔ་ཨིན་པས།

ཆུ་ཁ་རྫོང་ཁག་གི་ངོ་ཚབ་སྦེ་ བཅའ་མར་གཏོགས་མི་ ཨ་ལོ་༢ ཀྱི་ཨའི་ ལ་ཅི་མ་ཡ་ མཱབཕི་ཅཱན་དེ་ ལོ་༡ ལང་མི་ ཨ་ལོ་རྨས་སྐྱེས་ལུ་ ཨོམ་བྱིན་པའི་བསྒང་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལས་རིམ་ནང་ བཅའ་མར་གཏོགས་ཚུགས་པ་ཅིན་ ཁྱིམ་ནང་ལཱ་འབད་ནི་དང་ ཨ་ལོའི་ཚུ་གི་ གནད་དོན་ཚུ་ བསལ་ཚུགསཔ་མ་ཚད་ ཨོམ་འཐུང་མི་ ཨ་ལོ་ཡོད་པའི་སྐབས་ བང་རྒྱུག་ནི་ ལ་སོགས་པའི་རིགས་ལུ་ ཐོ་ཕོག་དོ་ཟེར་ཨིན་པས།

ལ་ཅི་མ་ཡ་ མཱབཕི་ཅཱན་དེ་ ཆུ་ཁ་རྫོང་ཁག་གི་ གཞི་རྟེན་སྨན་ཁང་ལྟེ་བའི་ གསོ་བའི་ལས་རོགསཔ་ཅིག་ཨིན་པས།

ཨིསི་ནོ་མེན་བང་རྒྱུག་ལས་རིམ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་དང་འཁྲིལ་ གཞི་བཙུགས་འབད་ཡོདཔ་ད་ བང་རྒྱུག་དེ་ འཛམ་གླིང་གི་ ལས་རིམ་སྦོམ་ཤོས་ཅིག་ཨིནམ་ལས་ སང་ཕོད་སྤྱི་ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་ནི་དང་ དུས་ཅིའི་ བང་རྒྱུག་དེ་ མི་དབང་མཆོག་གིས་ རྒྱལ་བཙུན་ཁབ་ཏུ་བཞེས་ཏེ་ ལོ་༡༠ འཁོར་བའི་དུས་སྟོན་བརྩི་སྲུང་གི་དོན་ལུ་ཨིན་པས།

མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ མི་སེར་ཡོངས་ཀྱི་ མཐའ་དོན་ལུ་ ཕྱག་ལཱ་གནང་བཞིན་དུ་ཡོདཔ་མ་ཚད་ མི་དབང་མཆོག་གི་སྐྱིད་སྡུག་དང་ མཛད་བྱ་བཟང་པོ་ལུ་ གུས་བཏུད་ཞུ་ནིའི་ དུས་ཚོད་བཟང་པོ་ཅིག་ཨིནམ་བཞིན་དུ་ མི་དབང་རྒྱལ་བཙུན་རྣམ་གཉིས་ སྐུ་ཚེ་ཞབས་བརྟན་ཏེ་ བཞུགས་ནི་གི་ སྨོན་ལམ་བཏབ་ཨིན་ཟེར་ བི་བི་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *