ཀི་ལོ་མི་ཊར་༡༠༠ འབད་མི་ རྐང་འཁོར་རྒྱུག་འགྲན་འགོ་བཙུགས་ནི།

༉ ཀི་ལོ་མི་ཊར་༡༠༠ འབད་མི་ བེ་ལེག་མའུན་ཊེན་རྐང་འཁོར་རྒྱུག་འགྲན་ འགོ་བཙུགས་ནིའི་དོན་ལུ་ ཉིནམ་༦ ལས་བརྒལ་མེདཔ་ད་ ད་ལྟོ་ཚུན་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་མི་ཚུ་ག་ར་ ཕོ་སྐྱེས་ཚུ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༢༤ ཚུན་ ཕོ་སྐྱེས་༣༢ ཀྱིས་ ཐོ་བཀོད་འབད་ཡོདཔ་མ་གཏོགས་ ཨམ་སྲུ་ཕུད་རྡོག་༡ གིས་ཡང་ ཐོ་བཀོད་མ་འབད་བར་ ཡོདཔ་ཨིན་པས།

ལོ་༣ དེ་ཅིག་གི་རྒྱབ་ལས་ རྐང་འཁོར་རྒྱུག་འགྲན་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིན་རུང་ ཌའེ་གཱོན་མའུན་ཊེན་ བ་ཡེག་རྒྱུག་འགྲན་ཐེངས་༡༠ པ་དེ་ སྤྱི་ལོ་༢༠༡༩ ལུ་ འགོ་འདྲེན་འཐབ་པའི་ཤུལ་ ནད་ཡམས་ཀོ་བིཌ་ལུ་བརྟེན་ ལུས་ཡོདཔ་ཨིན་པས།

བཅའ་མར་གཏོགས་མི་ཚུ་གིས་ ཀྲོང་གསར་དང་ དབང་འདུས་ཀྱི་ གཞུང་ལམ་བདའ་སྟེ་ འགྲན་བསྡུར་འབད་ནི་ཨིནམ་ད་ ཀྲོང་གསར་ལས་འགོ་བཙུགས་ དབང་འདུས་ སྲས་ཕུག་རྒེད་འོག་ ལྕགས་ཟམ་ཚུན་ འགྱོ་ཞིནམ་ལས་ ལོག་ཀྲོང་གསར་ཚུན་ རྒྱུག་འགྲན་འབད་དགོ་མི་དེ་ ཀི་ལོ་མི་ཊར་༡༠༠ ཡོངས་རྫོགས་མཇུག་བསྡུ་ནིའི་དོན་ལུ་ཨིན་པས།

རྒྱུག་འགྲན་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དེ་ཡང་ ནང་འཁོད་དཔལ་འབྱོར་ལྷན་ཐབས་དང་ མགྱོནམ་དང་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ཨིན་པའི་ཁར་ སྤྲོ་བ་འབྱུང་ཐབས་ལུ་ཨིན་པས།

ཀྲོང་གསར་རྫོང་ཁག་གི་ མི་སྟོབས་འགོ་དཔོན་ ཚེ་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་རེས་ཀྱི་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ཡང་ ནང་འཁོད་ཀྱི་མི་ཚུ་མ་གཏོགས་ རྒྱལ་སྤྱི་ལས་ ཕུད་རྡོག་གཅིག་ཡང་མེད་རུང་ ལྟ་བཤལཔ་ཚུ་གིས་ བཅའ་མར་གཏོགས་ནིའི་ ལོ་རྒྱུས་ཚུ་ལྷོད་ཡོདཔ་ལས་ ད་ལྟོ་ གཏན་འཁེལ་མ་འབད་བར་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒྱུག་འགྲན་འགོ་མ་བཙུགས་པའི་ཧེ་མར་ རྫོང་ཁག་གིས་ མའུན་ཊེན་དུས་སྟོན་ཉིནམ་༢ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་བསྒང་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ རང་བཞིན་གྱི་ཐོན་སྐྱེད་ཚུ་དང་ སྒྱུ་རྩལ་དང་ ལག་རྩལ་ལུ་བརྟེན་བཟོ་མི་ཐོན་སྐྱེད་ ཀུ་ཤཱན་ ཤིང་སྣ་ སྲོག་ཆགས་རིགས་ དེ་ལས་ གཞན་ཡང་ ལེ་ཤ་ཅིག་ར་ འགྲེམས་སྟོན་འབད་ནི་ཨིན་ཟེར་ཨིན་པས།

དུས་སྟོན་གྱི་སྐབས་ ཀྲོང་གསར་ལུ་ཡོད་པའི་ རང་ལུགས་སྔར་སྲོལ་བཟང་པོའི་ལམ་ལུགས་ཚུ་ སྤྱན་འབུལ་ཞུ་ནི་ཨིནམ་མ་ཚད་ ཕྱི་རུ་ ཐུགས་སྤྲོའི་ལས་རིམ་ སྐད་འཐེན་ནིའི་ནང་ ཡོངས་གྲགས་ཐོན་མི་ ཀརྨ་ཕུན་ཚོགས་ཀྱིས་གཙོས་པའི་ མི་ངོམ་ཚུ་གིས་ བཅའ་མར་གཏོགས་ནི་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ བེ་ལེག་མའུན་ཊཱེན་རྒྱུག་འགྲན་ནང་ ཨང་དང་པ་ཐོན་མི་ དཔལ་ལྡན་དབང་ཕྱུག་གིས་ ད་རེས་ཀྱི་ འགྲན་བསྡུར་ལས་ དྲག་ཤོས་ཨང་༥ པའི་ནང་ ཚུད་ནིའི་རེ་བ་ཡོད་ཟེར་ཨིནམ་ད་ དེ་ཡང་ རྐང་འཁོར་རྒྱུག་འགྲན་གྱི་དོན་ལུ་ སྦྱོང་བརྡར་མཐིལ་ཕྱིན་འབད་ནིའི་ དུས་ཚོད་ལེགས་ཤོམ་ཅིག་ འཐོབ་མ་ཚུགས་ཟེར་ཨིན་པས།

ད་རེས་ཀྱི་འགྲན་བསྡུར་ནང་ ཐབས་རིག་གི་རྒྱབ་སྐྱོར་ཚུ་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ འབད་དོ་ཡོདཔ་བཞིན་དུ་ ལས་རིམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *